རང་རྒྱུད་ལ་སྐུལ་མ་འདེབས་པའི་དད་པའི་ལྗོན་ཤིང་། འབྲོམ་སྟོན་པ་རྒྱལ་བའི་འབྱུང་གནས།

180014

རང་རྒྱུད་ལ་སྐུལ་མ་འདེབས་པའི་དད་པའི་ལྗོན་ཤིང་།

འབྲོམ་སྟོན་པ་རྒྱལ་བའི་འབྱུང་གནས།

      སྙན་ངག་དེའི་ཚིག་དོན་གྱི་སྒྱུ་རྩལ་སྐོར་ལ་ངོ་སྤྲོད་གནང་བ།

      མི་སྣ་ངོ་སྤྲོད།

          རྒན་བསྟན་འཛིན་དོན་གྲུབ་ལགས་ནི་སྤྱི་ལོ་1969ལོར་རྭ་སྒྲེང་ཁུལ་དུ་སྐུ་འཁྲུངས་ཤིང་། ཆུང་དུས་ནས་སློབ་ཆུང་དང་སློབ་འབྲིང་འགྲིམས་ཞོར་དུ་དགེ་བའི་བཤེས་གཉེན་རྭ་སྒྲེང་མཁན་རིན་པོ་ཆེ་ཡེ་ཤེས་རྣམ་འདྲེན་མཆོག་དང་སྟག་ལུང་དགོན་གྱི་མཁས་གྲུབ་རིན་པོ་ཆེ་འཇམ་དབྱངས་ཆོས་ཀྱི་གྲགས་པ་སོགས་ཀྱི་ཞབས་ལ་གཏུགས་ནས་སྐར་ནག་རྩིས་དང་ནང་པའི་ལྟ་སྒྲུབ་སོགས་ལ་ཐོས་བསམ་གནང་བ་དང་། 1991ལོར་ལྷ་སའི་དགེ་འོས་སློབ་གྲྭ་ནས་སློབ་ཐོན་བྱུང་རྗེས་དགུང་ལོ་བཅུ་གྲངས་སློབ་ཆུང་གི་དགེ་རྒན་གནང་བ། 2008ལོར་བོད་ལྗོངས་སློབ་ཆེན་ནས་རབ་འབྱམས་པའི་སློབ་གནས་བླངས་རྗེས་ནུབ་བྱང་མི་རིགས་སློབ་ཆེན་དུ་སློབ་དཔོན་ཆེན་མོ་དོར་ཞི་གདོང་དྲུག་སྙེམས་བློ་དང་སྐུ་འབུམ་དགེ་བཤེས་བློ་བཟང་སོགས་བཤེས་གཉེན་དུ་མའི་དྲུང་ནས་ནང་ཆོས་དང་རྩོམ་རིག་ཕྱོགས་ལ་ཐོས་བསམ་གཙོ་བོ་གནང་བ། དེ་བཞིན་འབུམ་རམས་པའི་སློབ་གནས་མཐར་སོན་རྗེས་བོད་ལྗོངས་སློབ་ཆེན་རིག་གཞུང་སློབ་གླིང་དུ་ད་བར་དགེ་རྒན་གྱི་ཕྱག་ལས་གནང་བཞིན་ཡོད། འདས་ཟིན་པའི་ལོ་ཟླའི་ནང་། ཁོང་ལ་རབ་འབྱམས་པའི་ཕུལ་བྱུང་མཐར་ཕྱིན་དཔྱད་རྩོམ་དང་དེ་བཞིན་ནུབ་བྱང་མི་རིགས་སློབ་ཆེན་དུ་ལོ་གསུམ་བསྟུད་མར་སྦྱངས་འབྲས་ཀྱི་བྱ་དགའ་ཨང་དང་པོ་ཐོབ་པ། ད་དུང་ཕུལ་བྱུང་གི་འབུམ་རམས་པའི་མཐར་ཕྱིན་སློབ་མ་ཞེས་པ་སོགས་ཀྱི་བྱ་དགའ་མི་ཉུང་བ་ཐོབ་མྱོང་།

      ད་ཐེངས་ཁོང་གིས་བོད་ལྗོངས་བཤད་གྲྭའི་རྒྱུན་མཐུད་འཆད་འཁྲིད་ལེ་ཚན་ནང་བཀའ་གདམས་པའི་ཡབ་མེས་འབྲོམ་སྟོན་པ་རྒྱལ་བའི་འབྱུང་གནས་མཆོག་གིས་སྐུ་ཚེའི་སྨད་དུ་མཛད་པའི་སྙན་རྩོམ༼རང་རྒྱུད་ལ་སྐུལ་མ་འདེབས་པའི་དད་པའི་ལྗོན་ཤིང༽ཞེས་པ་མྱོང་རོལ་བྱ་ཚུལ་ལ་འཆད་འཁྲིད་གནང་རྒྱུ་ཡིན་པས་གསན་མཁན་ལྷན་རྒྱས་ནས་གསན་གནང་ཡོད་པ་ཞུ།