关于仓央嘉措道歌 ཚངས་དབྱངས་རྒྱ་མཚོའི་གསུང་མགུར་སྐོར་གྱི་འཆད་འཁྲིད།

61221175539

      ༅།། སྐུ་ཕྲེང་དྲུག་པ་ཚངས་དབྱངས་རྒྱ་མཚོ་མཆོག་ནི། རབ་བྱུང་བཅུ་གཅིག་པའི་ཆུ་ཕག༡༦༨༣ལོར་མོན་ལ་འོག་ཡུལ་གསུམ་དུ་སྐུ་འཁྲུངས། ལྔ་པ་ཆེན་པོ་སྐུ་མྱ་ངན་ལས་འདས་པ་གསང་རྒྱ་བྱས་རྐྱེན་དགུང་ལོ་བཅུ་གསུམ་པར་སྐུ་ཕྲེང་ལྔ་པའི་ཡང་སྲིད་དུ་ངོས་འཛིན་བྱུང་ནས་ལྷ་སར་ཕེབས། དགུང་ལོ་བཅོ་ལྔ་པ་རབ་བྱུང་བཅུ་གཉིས་པའི་མེ་གླང༡༦༩༧ལོར་གསེར་ཁྲིར་མངའ་གསོལ་མཛད། 《ཚངས་དབྱངས་རྒྱ་མཚོའི་མགུར་གླུ》ནི་བོད་ཀྱི་སྙན་རྩོམ་གྲགས་ཅན་ཞིག་ཡིན་པས་བོད་ཀྱི་རྩོམ་རིག་ཧྲིལ་པོའི་ནང་གནས་བབ་ངེས་ཅན་ཞིག་བཟུང་ཡོད་པ་མ་ཟད་འཛམ་གླིང་ཡུལ་གྲུ་ཀུན་གྱིས་དོ་སྣང་བྱེད་ཡུལ་དུ་གྱུར་ཡོད། མགུར་གླུ་དེ་ད་བར་རྒྱ་ཡིག་དང༌། དབྱིན་ཡིག འཇར་པན་ཡི་གེ་ལ་སོགས་ཡིག་རིགས་མང་པོར་བསྒྱུར་ནས་མཁས་དབང་དུ་མས་ཞིབ་འཇུག་བྱེད་དང་བྱེད་མུས་ཡིན་ལ་འབྲས་བུ་ཡང་མི་དམན་པ་ཐོབ་ཡོད། མགུར་གླུའི་ནང་དོན་གྱི་ཐད་ལའང་སྐྱེ་བོ་འགའ་ཞིག་གིས་ཕོ་མོའི་བར་གྱི་མཛའ་གཞས་ལ་སྦྱར་ནས་འགྲེལ་པ་མཛད་པ་དང་། འགའ་ཞིག་གིས་སྐབས་དེའི་ལོ་རྒྱུས་དང་སྲིད་དོན་གྱི་གནས་ཚུལ་དང་འབྲེལ་ནས་འགྲེལ་པ་བྱེད་པ། ཡང་འགའ་ཞིག་གིས་ཟབ་མོ་ཆོས་ཀྱི་གནས་ལུགས་སྟོན་པ་ཟུང་འབྲེལ་གྱིས་འགྲེལ་ཚུལ་སོགས་མང་བས་སྐྱེ་བོ་མཆོག་དམན་དུ་མའི་གོ་བ་ལེན་ཚུལ་ཡང་མི་གཅིག་པར་ཐལ།

         དེས་ན། ད་ཐེངས་ཀྲུང་དབྱང་མི་རིགས་སློབ་གྲྭ་ཆེན་མོའི་དགེ་རྒན་ཆེན་མོ་བ་སྐལ་བཟང་དོན་གྲུབ་ལགས་ནས༼ཚངས་དབྱངས་རྒྱ་མཚོའི་གསང་རྣམ༽དང་འབྲེལ་ནས་གསུང་མགུར་གྱི་ནང་དོན་ཐད་ལ་གསལ་འགྲེལ་གནང་རྒྱུ་ཡིན་པས་ལྷན་རྒྱས་ནས་གསན་གནང་ཡོད་པ་ཞུ།། 

      0-1

      ༄༅།། རྒན་སྐལ་བཟང་དོན་གྲུབ་ལགས་ཀྱི་ཕ་ཡུལ་ནི་ལྷ་ས་ནས་ཡིན་པ་དང་། ཀྲུང་དབྱང་མི་རིགས་སློབ་གྲྭ་ཆེན་མོའི་དགེ་རྒན་ཆེན་མོ་བ་ཡིན། དེ་སྔོན་བོད་ལྗོངས་ཉིན་རེའི་ཚགས་པར་ཁང་དུ་ཕྱག་ལས་གནང་མྱོང་བ་དང་། སྤྱི་ལོ་༡༩༧༤ལོར། ཀྲུང་དབྱང་མི་རིགས་སློབ་གྲྭ་ཆེན་མོའི་མི་རིགས་སྐད་ཡིག་ཚན་ཁག་བོད་སྐད་སློབ་དཔྱོད་ཁང་དུ་དགེ་རྒན་གནང་བར་ཕེབས། ཁོང་གིས་གཙོ་བོ་བོད་སྐད་ཡིག་དང་རིག་གཞུང་། བོད་ཀྱི་རྩོམ་རིག དེ་བཞིན་ཡིག་སྒྱུར་གྱི་རིག་པའི་གཞུང་ལུགས་དང་ལག་ལེན་སོགས་ཀྱི་སློབ་ཚན་མང་པོ་ཁྲིད་གནང་བས་རྒྱ་ཆེའི་དགེ་སློབ་ཚོའི་དགའ་བསུ་ཚད་མེད་ཐོབ་ཡོད། དེ་སྔོན་བོད་རིག་པའི་ཚན་ཁག་གི་ཤེས་རམས་པའི་སློབ་དཔོན་དང་བོད་རིག་པའི་ཚན་ཁག་གི་ཀྲུའུ་རེན་གཞོན་པའི་འགན་འཁུར་མྱོང་ཞིང་། སྤྱི་ལོ་༢༠༠༡ལོར་རྒན་ཡོན་ཞུས།