母语 | བོད་སྐད་ཡིག་གི་ཚེ་ཚད་ལ་མངོན་སུམ་ཚད་མས་བརྟག་པ།

母语 | བོད་སྐད་ཡིག་གི་ཚེ་ཚད་ལ་མངོན་སུམ་ཚད་མས་བརྟག་པ།


       

      བོད་སྐད་ཡིག་གི་ཚེ་ཚད་ལ་མངོན་སུམ་ཚད་མས་བརྟག་པ།

      ཆུ་སྤགས•ཚེ་རིང་ཆོས་གྲགས།   (ལྷ་ས)

      དེའང་ཁོ་བོས་ད་ཐེངས་རང་ཉིད་ཀྱི་རྩོམ་ཐུང་འདི་ལ་ཁ་བྱང་འདི་འདྲ་ཞིག་འདོགས་དགོས་དོན་ནི་དེང་གི་ཆར་ངག་ནས་ནེ་ཙོས་མ་ཎི་འདོན་པ་བཞིན་སྐད་ཡིག་ནི་མི་རིགས་ཤིག་གི་བླ་སྲོག་ཡིན་པས་ང་ཚོས་བོད་སྐད་གཙང་མ་ཤོད་དགོས། བོད་ཡིག་ཡག་པོ་སྦྱངས་དགོས་ཞེས་མང་དུ་འུར་ཡང་དོན་དངོས་འཚོ་བའི་ནང་རང་ཉིད་ཀྱི་སྨྲ་བརྗོད་ལས་འགལ་བའི་ལས་འབའ་ཞིག་རྩོམ་མཁན་གྱི་བོད་མི་དག་གི་བྱ་སྤྱོད་དང་དོན་དངོས་བོད་སྐད་ཡིག་གི་གནས་འབབ་ལ་བསམ་ནས་གཞིགས་དུས་ཡིད་སྐྱོ་ཞིང་སེམས་ལ་གྲང་འདར་ཤོར་དགོས་པ་ཞིག་འདུག་པས་ཁོ་བོར་རྩོམ་བྱང་འདི་ལས་འཚམ་པ་ཞིག་མ་རྙེད་པས་དེ་ལྟར་བཏགས་པའོ།

      དུས་རབས་ཉེར་གཅིག་གི་ཀྱོག་མཚམས་འདི་ནས་ཡོད་ཚད་སྔོན་ཐོན་དང་ཚན་རིག  དེང་རབས་ཅན་བཅས་ལ་ཁ་ཕྱོགས་པས་སྲོལ་རྒྱུན་གྱི་བྱ་དངོས་མཐའ་དག་སྲོལ་རྒྱུན་བཟང་པོས་རྨང་འདིང་ནས་དེང་རབས་ལ་ཁ་ཕྱོགས་པ་ནི་དངོས་པོ་གང་དེ་མདུན་བསྐྱོད་དང་ཡུན་གནས་ཀྱི་ཐབས་ཕྱོགས་འབའ་ཞིག་གོ

      དེ་རིང་སྐབས་སུ་བབས་པ་བོད་སྐད་ཡིག་འདི་ཉིད་དུས་ཇི་ཙམ་མི་ཡུལ་འདིར་འཚོ་ཐུབ་མིན་གྱི་སྐོར་ལ་སྒྲོ་སྐུར་གྱི་དྲི་མ་མེད་པར་མངོན་སུམ་ཚད་མས་བརྟག་ནས་འཆད་པར་བྱ་བ་ལ།

      གཅིག  འབྲས་སྐྲན་འཕོག་ལ་ཉེ་བའི་བོད་སྐད།

      དེང་གི་ཆར་ཆུང་ས་ཁྱིམ་ཚང་ནས་ཆེ་ས་བོད་མིའི་སྤྱི་ཚོགས་ཧྲིལ་པོའི་ནང་བོད་མིའི་དབར་གླེང་མོལ་བྱ་སྐབས་བོད་སྐད་གཙང་མ་ཞིག་བེད་སྤྱོད་མཁན་ནི་ནམ་མཁའི་མེ་ཏོག་དང་མོ་གཤམ་གྱི་བུ། རུས་སྦལ་གྱི་སྤུ། རི་བོང་གི་རྭ་ཅོ་ལྟ་བུར་སྣང་བཞིན་སྦྲགས་སྐད་ཆུ་རྒྱུག་རྒྱུག་བཤད་མཁན་ནི་ཆུ་འགྲམ་གྱི་བྱེ་མ་དང་མཚན་མོའི་རྒྱུ་སྐར་བཞིན་བགྲང་གིས་མི་ལངས།  སྤྱིར་བོད་ཀྱི་སྐད་ཡིག་འདི་ཉིད་བརྗོད་ན་ངག་ལ་བདེ་ཞིང་ཐ་སྙད་ཕུན་སུམ་ཚོགས་པ་ཞིག་ཡིན་པས་སྦྱང་བདེ་ལ་བེད་སྤྱོད་ཀྱི་ནུས་པ་ཤིནད་ཏུ་རྒྱ་ཆེ་ཡང་བོད་མི་ཚོས་གསར་དུ་ཐོན་པའི་དངོས་པོ་གསར་པ་དག་གི་མིང་མི་བུ་སྒལ་ཚིགས་ཅན་དག་གིས་བོད་ཡིག་ཏུ་སྒྱུར་བ་དག་ལ་སློབ་ནས་འཚོ་བའི་ནང་བེད་སྤྱོད་རྒྱུ་ལྟ་ཅི། དེ་ལས་ལྡོག་སྟེ་སྔར་ཡོད་ཀྱི་བོད་རང་གི་ཐ་སྙད་དག་ཕར་གཞན་སྐད་དུ་སྒྱུར་ནས་ཨུ་ཚུགས་ཀྱིས་བཤད་ཀྱི་ཡོད་པ་རེད།  དཔེ་མཚོན་ཙམ་ཞིག་བཀོད་ན།  བོད་མི་རང་ལ་སྔ་མོ་ནས་ཡོད་པའི་གཟའ་འཁོར་བདུན་གྱི་རྩི་ལུགས་དང་གཟའ་རེ་རེའི་མིང་རྣམས་མེད་པར་སྣང་ནས་རྐང་བཙུགས་ནས་ཤིན་ཆི་ཡིས(星期一)སོགས་འབོད་པ་ལས་གཟའ་ཟླ་བ་སོགས་འབོད་པའི་སྲོལ་མེད་ལ། བོད་རང་ལ་གཟའ་འཁོར་བདུན་གྱི་མིང་ཡོད་མེད་ཧ་ལམ་ཤེས་ཚོད་དུ་མི་འདུག   ད་དུང་འགའ་རེས་གཟའ་དང་པོ་སོགས་མིང་གསར་པ་འགའ་ཡང་འདོགས་བཞིན་མཆིས།

      དེ་སྔོན་ཁོ་བོ་སློབ་ཆེན་འགྲིམས་སྐབས་སྤྱི་ཚོགས་ཚན་རིག་ཁང་དུ་དབྱིན་ཡིག་སྦྱོང་བར་འགྲོ་མཁན་གྱི་བུ་མོ་ངོ་ཤེས་པ་ཞིག་ཡོད།  ཁོ་མོས་ཀྱང་དུས་རྒྱུན་ཤིན་ཆི་ཡིས་སོགས་འབོད་སྟབས་ཁོ་ཚོའི་དབྱིན་ཡིག་དགེ་རྒན་ཕྱི་རྒྱལ་བ་དེས་ཁྱོད་ཚོ་བོད་པ་ལ་གཟའ་བདུན་གྱི་མིང་ཆ་ཚང་ཡོད་མ་རེད་བསམ་བྱུང་། རྒྱུ་མཚན་ནི་ཁྱོད་ཚོས་དུས་རྒྱུན་རྒྱ་སྐད་འབའ་ཞིག་གི་ཐོག་ནས་འབོད་ཀྱི་འདུག་ཅེས་ཁོ་ཚོར་བཤད་ཀྱི་འདུག་ཟེར།  གནས་ཚུལ་དེ་ནི་ཧ་ཅང་གི་ཐབས་སྐྱོ་འོས་པ་ཞིག་ཡིན་ཏེ་ཕྱི་རྒྱལ་བ་ཞིག་གིས་ང་ཚོར་རང་སྐད་ཀྱི་རིན་ཐང་དང་རང་སྐད་སྤྱོད་དགོས་པའི་ཅོང་བརྡ་གཏོང་བཞིན་ཡོད་པ་རེད།

      ད་དུང་ཕ་མ་འགའ་རེས་བཙས་ནས་ལོ་གཅིག་ཙམ་འཁོར་བའི་བྱིས་པ་ཐོག་མར་སྨྲ་སྒོ་ཕྱེ་མཁན་དག་གིས་ཨ་མ་དང་པ་ཕ་ཞེས་བརྗོད་སྐབས་མི་དགའ་བར་ནོར་བུ་་་་་་爸爸དང 妈妈ཞེས་རྗོད་དང་སོགས་རྐང་བཙུགས་ནས་རང་གི་ཕྲུ་གུར་མི་རིགས་གཞན་གྱི་སྐད་རྒྱག་བཅུག་གི་འདུག

      གཞན་ཡང་ཁོ་བོ་སློབ་ཆེན་འགྲིམས་སྐབས་ཀྱི་མཐོང་སྣང་གཞན་ཞིག་འཆད་ན་ཐེངས་ཤིག་ཁོ་བོ་སྤྱི་སྤྱོད་རླངས་འཁོར་བསྡད་ནས་འགྲོ་སྐབས་ཁོ་བོའི་འགྲམ་དུ་སློབ་ཆུང་སློབ་མ་གཉིས་འདུག་པས་ཁོ་གཉིས་ཀྱི་གླེང་མོལ་འདི་ལྟ་སྟེ།

      ཀ་པ།

      你们藏文课讲到哪里了?

      ཁ་པ།

      我们讲到 了        རྔ་མོང     和   ར་རྒན།

      འདི་དང་འདི་འདྲ་བའི་གླེང་མོལ་ནི་ང་ཚོའི་འཚོ་བའི་ནང་མང་དུ་མཐོང་རྒྱུ་ཡོད།  ད་དུང་བྱིས་པ་འགའ་ཤས་བོད་ཡིག་སློབ་ཚན་འཚོགས་རྒྱུར་སུན་སྣང་དང་བོད་སྐད་རྒྱག་རྒྱུར་སུན་སྣང་བྱེད་པ།  བོད་ཡིག་འབྲི་རྒྱུར་ཞེན་ལོག་པ་སོགས་མཐོང་ཆོས་སུ་གྱུར་ཡོད་པས་གནས་ཚུལ་དེ་རིགས་ཐོན་པ་ནི་བྱིས་པ་གཅིག་པུའི་ལན་མིན་པར་ཁྱིམ་ཚང་སློབ་གསོ་དང་སློབ་གྲྭའི་སློབ་གསོ་ལ་རག་ལས་ཡོད།  གང་ལྟར་བྱིས་པ་ནས་རྒན་རྒོན་དབར། ཁྱིམ་ཚང་དང་སློབ་གྲྭ་ནས་སྤྱི་ཚོགས་དབར།  བོད་ཀྱི་སྐད་འདི་ལ་ནད་ངན་འབྲས་སྐྲན་ཞེས་པ་དེ་འཕོག་གྲབས་འདུག་པས་འུ་ཚོས་ངེད་པར་དུ་འབྲས་སྐྲན་གྱི་ནད་ངན་འདི་མི་འཕོག་པར་སྔོན་འགོག་བྱ་དགོས།  གངས་ལགས་ཤེ་ན།  འབྲས་སྐྲན་ཕོག་པའི་མི་བུ་དེ་གསོན་པའི་རེ་བ་རྟ་རྔ་ཙམ་མེད་པས་འབྲས་སྐྲན་གྱིས་བཟུང་བའི་སྐད་ཡིག་ཀྱང་མི་རིགས་གང་དེའི་འཚོ་བའི་ཁྲོད་ནས་འཇའ་ཚོན་བཞིན་ཡལ་འགྲོ་བས་འུ་ཚོས་ངག་སྒོ་ནས་བོད་སྐད་དེ་ལ་འབྲས་སྐྲན་ཞེས་པའི་ནད་ངན་དེ་མི་འཕོག་པར་ཡུན་དུ་བདེ་ཐང་ངང་གནས་ཐུབ་པར་འབད་དགོས་སོ།

      གཉིས།  ཨེ་ཛི་འགོ་ལ་ཉེ་བའི་བོད་ཡིག

      ཚན་རིག་ལག་རྩལ་ཤིནད་ཏུ་བདོ་བའི་དུས་རབས་འདིར་ཡོད་ཚད་རྩིས་འཕྲུལ་གྱིས་ཁ་ལོ་སྒྱུར་བཞིན་ཡོད།  བོད་ཡིག་འདི་ཉིད་ཀྱང་གློག་ཀླད་དང་ཁ་པར་ནང་ནང་འཇུག་བྱས་ནས་ཡིག་རིགས་གཞན་དང་འདྲ་བར་དྲ་ཐོག་ཏུ་དཔུང་པ་འགྲེང་རྒྱུ་བྱུང་བ་རེད། དེ་ཡང་མི་བུ་སྒལ་ཚིགས་ཅན་རེ་གཉིས་ཀྱིས་དཀའ་ངལ་ཁྲག་དྲི་ཁ་ཁ་བརྒྱབ་ནས་ད་གཟོད་གློག་ཀླད་དང་ཁ་པར་ཐོག་བཀོལ་རྒྱུ་བྱུང་བ་རེད།  ཁོ་བོས་གོང་དུ་སྨྲས་ཟིན་པ་བཞིན་ཡོད་ཚད་དེང་རབས་ཅན་ལ་ཁ་ཕྱོགས་བཞིན་རྩིས་འཕྲུལ་གྱིས་ཁ་ལོ་སྒྱུར་བའི་དུས་རབས་འདིར་བོད་ཀྱི་ཡི་གེ་དེ་ཡང་གློག་ཀླད་དང་ཁ་པར་ཐོག་བཀོལ་རྒྱུ་མེད་ན་རྗེས་ལུས་ཐེབས་ཟིན་པ་རེད་ལ། བེད་སྤྱོད་ཀྱི་ཁྱབ་ཁོངས་ཀྱང་རིམ་བཞིན་ཇེ་ཉུང་དུ་འགྲོ་རྒྱུ་རིག་པས་སྒྲུབ་ཐུབ།

      གློག་ཀླད་ཐོག་བོད་ཡིག་ལ་ཧི་གཟུགས་ཀྱིས་གཙོས་པའི་ཡིག་གཟུགས་མི་ཉུང་བ་ཞིག་ཡོད། འོནད་ཀྱང་བོད་མི་ཀླད་སྟོང་འགའ་རེས་གློག་ཀླད་ཐོག་བོད་ཡིག་ཡིག་གཟུགས་གཅིག་ཀྱང་རང་ཚུགས་ཐུབ་ནས་བཏགས་ཤེས་ཀྱི་མེད་པ་རེད། ད་དུང་ཨ་ཡ་་་་་་བོད་ཡིག་དེ་ལ་ཡིག་གཟུགས་མང་དྲགས་འདུག  གང་ཞིག་བཏགས་དགོས་ཡོད་མེད་ཧ་གོ་གི་མིན་འདུག་སོགས་མདོ་མེད་ཀྱི་ཀུ་ཅོ་གནམ་སའི་བར་ལྡིར་བཞིན་གདའ། དོན་དངོས་ཐོག་གློག་ཀླད་ནང་ཡིག་གཟུགས་འདྲ་མིན་སྣ་ཚོགས་ཡོད་པ་བོད་ཡིག་གཅིག་པུ་མ་རེད། རྒྱ་ཡིག་དང་དབྱིན་ཡིག  དེ་བཞིན་ཡིག་རིགས་གཞན་ལ་ཡང་ཡིག་གཟུགས་འདྲ་མིན་སྣ་ཚོགས་ཡོད་པ་མིག་ལ་སྐྱ་སྒྲིབ་ཕོག་མེད་ན་མཐོང་གི་རེད།

      བོད་མི་རེ་རེས༼ འདིར་ཞིང་འབྲོག་མང་ཚོགས་ཚུད་མེད ༽གློག་ཀླད་ཐོག་བོད་ཡིག་བཏགས་མི་ཤེས་པའི་སྐྱོན་འཆད་ན། དཔེར་ན་ལས་ཁུངས་ཤིག་གི་ནང་ལ་ཚོགས་འདུའི་ཁ་བྱང་ཞིག་བཟོ་དགོས་པ་དང་ཡང་ན་ཚོང་ཁང་ཞིག་ལ་སྒོ་བྱང་གསར་བ་ཞིག་བཟོ་དགོས་པ། དེ་བཞིན་སློབ་གྲྭ་ཞིག་ལ་སློབ་གྲྭའི་གདམ་ཚིག་ཅིག་བཟོ་དགོས་ཚེ་ཤོག་བུ་ཞིག་གི་ཐོག་ལག་པས་དབུ་ཅན་གྱི་གཟུགས་ཨ་ཀྱོག་པ་ཀྱོག་ཅིག་བྲིས་ནས་བརྡ་ཁྱབ་ཚོང་ཁང་གི་སྦྱིན་བདག་རྒྱ་རིགས་དེ་ལ་སྤྲད་ནས་གློག་ཀླད་ཐོག་བཏགས་བཅུག་གི་ཡོད་རེད།  བོད་མི་ཞིག་གིས་རྒྱབ་ནས་ལྟ་བཞིན་རྒྱ་རིགས་ཤིག་གིས་མདུན་དུ་གློག་ཀླད་ཐོག་བོད་ཡིག་ཆུ་རྒྱུག་རྒྱུག་བཏགས་དུས་ངོ་མ་ངོ་ཚ་ཞིང་སེམས་སྐྱོ་དགོས་པའི་གནས་ཚུལ་ཞིག་རེད་ཨང་། ངོ་ཚ་རྒྱུ་མེད་པ་འགའ་ཤས་ཀྱིས་ད་དུང་ཡག་པོ་ཞེ་པོ་ཡིན་པའི་ཁུལ་གྱིས་རྒྱ་རིགས་འདིས་བོད་ཡིག་ཡག་པོ་བཏགས་ཀྱི་རེད། རྗེས་སུ་རྟག་པར་ཁོ་ལ་བཏགས་བཅུག་དགོས་རེད་ཅེས་འགན་འཁྲི་མེད་པའི་སྐད་ཆ་རྣ་ལ་གཟན་པ་འགའ་བཤད་ཀྱི་འདུག  སྒོ་བྱང་ཐོག་ཡིག་ནོར་མང་བའི་གནད་དོན་ཡང་འདིར་ཐུག་ཡོད་དེ།   རྒྱུ་མཚན་ནི་རྒྱ་རིགས་སྦྱིན་བདག་དེ་ཚོས་བོད་ཡིག་གློག་ཀླད་ཐོག་བཏགས་སྐབས་ཅ་དང་ཙ། ཆ་དང་ཚ། ཇ་དང་ཛ། ཉ་དང་ཞ།  ཕ་དང་མ། ལ་དང་ཝ་སོགས་ནོར་ནས་བཏགས་པ་མང་དུ་མཐོང་རྒྱུ་འདུག་ལ་ཁོ་ཚོས་གློག་ཀླད་ཐོག་བོད་ཡིག་བཏགས་ཤེས་པ་ཙམ་ལས་བོད་ཡིག་གི་ཚེག་ཤད་ཀྱི་འགྲོ་ལུགས་རྩ་བ་ནས་མི་ཤེས་པས་རེད།

      ཁ་པར་གྱི་ཐོག་ནས་འཆད་ན། དེང་སྐབས་དྲ་ཐོག་ཏུ་སྐད་ཆ་འདི་འདྲ་ཞིག་འདུག་སྟེ། ཁྱི་འདོགས་ས་ལྕགས་ཐག་དང་མི་འདོགས་ས་ཁ་པར་ཞེས་དེང་གི་མི་རྣམས་ཞོགས་པ་མིག་ཁ་འབྱེད་པ་ནས་དགོང་མི་མ་ཉལ་བར་ཁ་པར་མེད་ན་རྣམ་ཤེས་མེད་པ་བཞིན་ཉིན་གང་པོ་ཁ་པར་དང་ཁ་བྲལ་ཐབས་མེད།  ཁ་པར་ཐོག་གྲོགས་པོ་གྲོགས་མོ། ཕ་མ་སྤུན་མཆེད། སློབ་གྲོགས་ཕན་ཚུན་གླེང་མོལ་བྱ་སྐབས་རིགས་ཞེན་དག་གིས་བོད་ཡིག་གི་ཐོག་ནས་ཡི་གེ་བྲིས་ནས་བསྐུར་ཚེ་ལམ་སེང་བོད་ཡིག་མ་སྐུར་དང་ངའི་ཁ་པར་ནང་བོད་ཡིག་མཐོང་གི་མི་འདུག་དང་ཡང་བོད་ཡིག་མ་སྐུར་དང་ང་བོད་ཡིག་ཤེས་ཀྱི་མེད་སོགས་སྙིང་རླུང་སྟོད་ལ་འཚངས་དགོས་པའི་སྐད་ཆ་དེ་འདྲ་བཤད་ཀྱི་འདུག  ཁ་པར་ལ་ཆ་བཞག་ན་ཀུ་ཤུའི་མ་ལག་གི་ཁ་པར་ཐོག་བོད་ཡིག་ཐོག་མ་ནས་ཡོད་བཞིན་ཨན་དྲོ་མ་ལག་གི་ཁ་པར་འགའ་རེར་བོད་ཡིག་ཕྱིས་སུ་བླུག་ཡས་ཡོད་པ་རེད། ད་དུང༢༠༡༦ལོ་ནས་ཨན་དྲོ་ཡི་ཁ་པར་ལ་ཡང་བོད་ཡིག་ཐོག་མ་ནས་ཡོད་པའི་གཏམ་བཟང་འདུག་པས་ཕན་ཚུན་གླེང་མོལ་བྱ་སྐབས་བོད་ཡིག་ཐོག་ནས་བསྐུར་ན་གཅིག་ནས་རང་ཉིད་ཀྱི་བོད་སྐད་ཡིག་གི་ཤེས་ཚད་མཐོར་འདེགས་ཐུབ་ཅིང་གཉིས་ནས་བོད་སྐད་ཡིག་འདི་ཉིད་མ་ཉམས་པའི་སྔོན་འགོག་ཐུབ་ཀྱི་རེད་སྙམ།

      གང་ལྟར་སྒོ་བྱང་སྟེང་གི་བོད་ཡིག་རེ་རེ་དང་གྱང་སྟེང་དུ་བཀལ་བའི་བོད་ཡིག་རེ་རེ་ལ་ལྟ་དུས་བོད་ཡིག་འདི་ལ་ནད་ངན་ཨེ་ཛི་འགོ་གྲབས་འདུག་པས་ནམ་ཞིག་ནད་ངན་ཨེ་ཛི་འདི་འགོས་སོང་ན་འཆི་ལམ་ལ་བཞུད་རྒྱུ་ལས་ཐབས་གཞན་མེད་པས་འུ་ཚོ་བོད་མི་རེ་རེས་གློག་ཀླད་ཐོག་བོད་ཡིག་བཏགས་ཤེས་ཤིང་ཁ་པར་ནང་གླེང་མོལ་བྱ་སྐབས་བོད་ཡིག་བཀོལ་སྤྱོད་མང་ཙམ་བྱས་ནས་བོད་ཡིག་འདི་ལ་ནད་ངན་ཨེ་ཛི་མི་དགོས་པ་བྱ་དགོས།

      མདོར་བསྡུས་ན་བོད་ཀྱི་སྐད་ལ་འབྲས་སྐྲན་ཕོག་པ་དང་བོད་ཡིག་ལ་ཨེ་ཛི་འགོས་སོང་ན་ནད་ངན་འདི་གཉིས་བོད་མི་རང་ཐོག་ལ་འགོས་པ་དང་དབྱེར་མེད་ལ་བོད་ཀྱི་སྐད་དང་ཡི་གེ་དེ་གཉིས་ཉམས་སོང་ན་ཀྲུང་ཧྭ་ཁྱིམ་ཚང་ཆེན་མོའི་མེ་ཏོག་གཅིག་མེད་པར་འགྱུར་འགྲོ་བས་ནད་ངན་འདི་གཉིས་བོད་ཀྱི་སྐད་དང་ཡི་གེར་མ་ཕོག་མ་འགོས་པ་བྱ་རྒྱུ་ནི་བོད་མི་མི་རེ་ངོ་རེས་དོར་དུ་མེད་པའི་འགན་འཁྲི་འབའ་ཞིག་གོ

      གསལ་བཤད་བྱ་དགོས་པ་ཞིག་ལ་ཁོ་བོས་འདིར་འུ་ཚོས་བོད་སྐད་ཡིག་མ་གཏོགས་སྐད་རིགས་གཞན་སློབ་མི་དགོས་ཞེས་རྩ་བ་ནས་བཤད་ཀྱི་མེད།  སྐད་རིགས་ག་ཚོད་ཀྱིས་མང་བ་ཤེས་ན་དེ་རྩིས་ཀྱིས་ལེགས་ཏེ། སྐད་རིགས་ཤིག་མང་བ་ཤེས་ན་རང་ཉིད་ལ་མི་གཞན་ལས་གོ་སྐབས་མང་བ་ཡོད་ལ་མིག་གཅིག་མང་བ་དང་མཚུངས།

      ཇི་སྐད་དུ། བོད་ཀྱི་མཁས་དབང་མཁྱེན་རབ་འོད་གསལ་མཆོག་གིས་བོད་སྐད་ཡིག་གི་འཕེལ་རྒྱས་ཀྱི་སྐོར་གླེང་བ་ཞེས་པའི་ནང་བོད་ཀྱི་སྐད་ཡིག་འདི་ཉིད་འཕེལ་རྒྱས་འགྲོ་ཕྱོགས་ཀྱི་ཐད་ལ་བཀའ་སློབ་གནང་གསལ། བོད་ཀྱི་སྐད་ཡིག་ནི་རྨང་གཞི་ཡིན་པས་ཐོག་མར་བོད་ཀྱི་སྐད་ཡིག་གཉིས་པོ་མཐར་ཕྱིན་པ་དང་བྱང་ཆུབ་པ་ཞིག་ཡིན་དགོས་ཞེས་དང་བོད་རིགས་གཞོན་སྐྱེས་ཚོས་དང་ཐོག་མར་བོད་རང་གི་སྐད་དང་ཡི་གེར་སློབ་དགོས་པའི་གལ་ཆེའི་རང་བཞིན་གསུངས་ཡོད། འོ་ན་བོད་ཀྱི་སྐད་ཡིག་བྱང་ཆུབ་པ་ཞིག་ཤེས་སོང་ན་འཐུས་སམ་ཞེ་ན། མི་འཐུས་ཏེ། ཁོང་གིས་གལ་ཏེ་སུ་ཞིག་མི་རིགས་རང་གི་སྐད་ཡིག་རིག་གནས་དང་བཅས་པར་ཅི་ཙམ་མཁས་ཀྱང་། དེས་ཆོག་ཤེས་ཏེ་མི་རིགས་གཞན་གྱི་སྐད་ཡིག་རིག་གནས་དང་བཅས་པ་མི་སློབ་པའམ་སློད་འདོད་མེད་པ་ཞིག་ཡིན་ཚེ་མི་ལོ་སྟོང་ཕྱིན་ཀྱང་འཕེལ་མེད་རང་སོར་གནས་པ་ལས། མི་དེའི་གྲས་ལ་ལྷག་བསམ་བཟང་པོ་ཅི་འདྲ་ཞིག་ཡོད་ཀྱང་གཞན་གྱི་ལེགས་ཆ་བླངས་ཏེ་མི་རིགས་རང་ཉིད་ཀྱི་རིག་གནས་དེ་དུས་རབས་ཀྱི་དགོས་མཁོ་དང་མཐུན་པ་ཞིག་བྱེད་ཐབས་བྲལ་བ་ཡིན་ཞེས་གསུངས་ཡོད་པས་འུ་ཚོས་རང་མི་རིགས་ཀྱི་ཆབ་དཔལ་རིག་གསུམ་འཕེལ་རྒྱས་གཏོང་དགོས་ཚེ་དང་ཐོག་མར་མི་རིགས་རང་ཉིད་ཀྱི་སྐད་དང་ཡི་གེར་སློབ་དགོས་ཤིང་དེ་ནས་མི་རིགས་གཞན་གྱི་སྐད་དང་ཡི་གེར་སློབ་ནས་མི་རིགས་གཞན་གྱི་སྔོན་ཐོན་གྱི་རིག་གནས་ནང་འདྲེན་བྱས་ནས་མི་རིགས་རང་ཉིད་ཀྱི་རིག་གནས་ཆ་ཇེ་ཚང་དང་ཕུན་སུམ་ཇེ་ཚོགས་སུ་གཏོང་ཐུབ་པས་ཁྱེད་ཀྱིས་མི་རིགས་གཞན་གྱི་སྐད་དང་ཡི་གེ་ག་ཚོད་ཀྱིས་མང་བ་ཤེས་ན་དེ་རྩིས་ཀྱིས་བཟང་བ་ཡོད། འོནད་ཀྱང་ངེས་དགོས་པ་ཞིག་ལ་བོད་མིའི་དབར་གླེང་མོལ་བྱ་སྐབས་བོད་སྐད་གཙང་མ་ཞིག་དང་ཚན་རིག་དང་མཐུན་པའི་སྒོ་ནས་བོད་ཡིག་དྭངས་མ་ཞིག་བཀོལ་སྤྱོད་བྱ་རྒྱུ་ནི་ཁ་ཚ་དགོས་གཏུགས་ཀྱི་གནད་ཅིག་རེད་ལ་བོད་སྐད་ཡིག་འདི་ཉིད་ཀྱི་ཚེ་ཚད་རིང་ཞིང་བསྐལ་བ་སྟོང་ལ་གནས་ཐུབ་པའི་གནད་ཀྱི་དམ་པའོ།།

      ༢༠༡༦ལོའི་ཟླ༦པའི་ཚེས༡༢ཉིན་གྲུབ།