尸语故事第三集:བུ་མོས་རྒྱལ་པོ་ཤི་ཡུལ་ནས་བླངས་པ།

尸语故事第三集:བུ་མོས་རྒྱལ་པོ་ཤི་ཡུལ་ནས་བླངས་པ།

      在拉萨的朋友,若想品尝新鲜美味的酸奶和酥油,那就联系他们吧!

      来自甘南玛曲草原的品牌森母亚!

      1200112

      རོ་སྒྲུང་ལེའུ་གསུམ་པ།

      བུ་མོས་རྒྱལ་པོ་ཤི་ཡུལ་ནས་བླངས་པ།

      དེ་ནས་ཡང་རྒྱལ་བུ་ཁ་སང་གི་དུར་ཁྲོད་དེར་ལོག་སྟེ་བལྟས་པས།རོ་དེ་ཤིང་སྡོང་གི་རྩེ་ན་སླེབས་འདུག་གོ། ཡང་བླ་མ་ཀླུ་སྒྲུབ་སྙིང་པོ་ཡིན། །ང་རང་རྒྱལ་བུ་བདེ་སྤྱོད་བཟང་པོ་ཡིན། ། རལ་གྲི་ངར་མ་རྡོ་ཆོད་ཡིན། །དྲ་བ་ལྕགས་ཀྱི་མིག་དགུ་ཡིན། ། ཏོག་མ་སེང་ལྡེང་སྨུག་པོ་ཡིན། །ཞགས་པ་འཕྲུལ་གྱི་ཨ་ལོང་ཡིན། ། མར་ཟན་ཟོས་པས་འཛད་མེད་ཡིན། །རོ་ཁོག་བབ་བམ་ཤིང་སྡོང་གཅོད། ། ཅེས་བྱས་པས། རོ་དེ་བབས་བྱུང་སྟེ། ཏོག་མ་དེས་བརྡུངས།དྲ་བ་དེའི་ནང་དུ་བརྫངས། ཞགས་པ་དེས་བསྡམས་ནས་རྒྱབ་ཏུ་ཁུར་ཡོང་ངོ་། ཡང་རོ་ན་རེ།རྒྱལ་བུ་རྒྱལ་བུ། ལམ་ཐག་རིང་བས་ཡང་ན་རྒྱལ་བུས་སྒྲུང་ཞིག་ཤོད།ཡང་ན་ངས་རོ་སྒྲུང་དྲ་བའི་སེན་མོ་ཙམ་ཞིག་བཏང་གི་ཉོན་ཨང་ཟེར། རྒྱལ་བུས་ཁྱོད་རྒྱུས་ཡོད་བསམས་ནས་ཁ་རོག་འོངས་པས།རྒྱལ་བུ་ལས་ཟད་ཁྱོད་འདྲའི་ཁ་ནས་གཏམ་ཡོང་བ་མིན་པར་འདུགཁྱོད་རང་ཉོན་ཨང་ཟེར་ནས་སྒྲུང་ཞིག་བཤད། ལུང་པ་ཞིག་ན་རྒྱལ་བུ་ཞིག་ཡོན་འདུགརྒྱལ་པོའི་མངའ་འོག་ན་ཕ་མ་སྔ་མོ་ནས་ཤི་བའི་བུ་མོ་སྐྱེ་མཆེད་དང་པོ་ཞིག་ཡོད་ཅིང་།བུ་མོ་དེ་དང་རྒྱལ་བུ་དེ་གཉིས་འགྲོགས་ཡོོད་པར་འདུགནམ་ཞིག་རྒྱལ་བུ་དེ་བུ་མོའི་རྩར་བྱོན་ནས། ད་ང་ལ་ཆུང་མ་ཞིག་ལེན་པ་ཡིན་པར་འདུགཆུང་མ་དེ་བླངས་ན་ང་འཆི་བར་འདུག་གསུངས་པ་དང་། བུ་མོ་དེས། ཇོ་མོ་བླངས་པ་ལོས་དྲག་ལགས།ཇོ་མོ་སྔ་སེ་བླངས་ན་ཡབ་མ་བགྲེགས་གོང་ལ་སྲས་སླེབས་ཡོང་བ་ཡིན།ཅི་ནས་ཇོ་མོ་བླངས་པ་དྲག་ལགས་ཞུས་པས། རྒྱལ་པོ་ན་རེ། ཆུང་མ་དེ་ལེན་རྒྱུ་ཡིན་པར་འདུག བླངས་འཕྲལ་ལ་ང་འཆི་བར་འདུག་གསུངས།བུ་མོ་དེས་ཞུས་པར། ད་ཡབ་ནི་སྔ་མོ་ནས་སྐུ་གཤེགས་ནས་མེད།ད་ནི་ཡུམ་གྱིས་གསུང་ལ་གསན་པ་དྲག་ལགས་ཞུས། དེར་རྒྱལ་པོ་དེ་ལ་ཡུམ་དང་བློན་པོ་རྣམས་ཀྱིས་རྒྱལ་ས་འཛིན་དགོས་ཞུས་ནས།རྒྱལ་པོ་རང་དང་མཉམ་པའི་ཇོ་མོ་གཅིག་བླངས་སོ། བླངས་ནས་ཟླ་བ་གཅིག་སོང་བ་དང་།རྒྱལ་པོ་དེ་སྙུང་གཞི་དྲག་པོ་ཞིག་ཕོག་ནས་སྐུ་གཤེགས།སྔོན་རྒྱལ་པོ་རང་དང་མཛའ་བའི་བུ་མོ་དེའི་སྒོ་དྲུང་དུ་རྒྱལ་པོའི་བླ་འཁྱམས་ཏེ་ཕེབས་པ་ཡིན་པར་གདའ།ཚངས་འཇོལ་ནར་བ་འདྲ་བ་ཞིག་བྱས། དབུ་དེ་ཟིང་ངེ་བ་ཞིག་བྱས།སྔར་གྱི་སྐུ་ཤའི་མདངས་མེད་པ་ཞིག་བྱས་ནས་བུ་མོ་དེའི་རྩར་ཕེབས།བུ་མོའི་བསམ་པ་ལ་རྒྱལ་པོ་ཇོ་མོ་བླངས་ནས་སྙུང་གཞི་དྲག་པོ་ཞིག་ཐེབས་པ་ཡིན་པ་འདྲ་བསམ་ནས།རྒྱལ་པོ་ལ་ཞུས་པ། ཁ་སང་ནས་བཙུན་མོ་བླངས་པ་དེ་ནས་གཤེགས་བཞུད་ཀྱང་ཉུང་།སྐུ་ཤའི་མདངས་ཡང་ཤོར་ལགས་ཞུས་པས། རྒྱལ་པོས་གསུངས་པ།ཁ་སང་སྔ་སོར་ནས་ཆུང་མ་དེ་བླངས་ན་ང་འཆི་བ་འདུག་བྱས་ཁྱོད་ལ་ལབ་པ་ཡིན།  ད་ང་ན་བ་རང་གཅིག་བྱུང་གསུངས་པ་དང་།བུ་མོས་ཞུས་པ། སྙུང་རུང་སྙུང་བ་དྭངས་བའི་ཐབས་མཛོད།བཙུན་མོ་ཁབ་ཏུ་ཞེས་ཡོད་པ་ཐུགས་ལ་འཇོག་ཞུས། དེར་རྒྱལ་པོས།དོ་དགོང་ཕན་མོ་རང་བྱུང་བའི་ཚེ་དབང་གཅིག་བྱེད་ཀྱི་ཡོད། ཁྱོད་ལ་ཡང་ལུས་པོ་མཐོན་པོ་འདུག་པས་ཕྱིན་པ་དྲག་གསུངས།བུ་མའི་བསམ་པར་སྔར་ཡིན་ན་རྒྱལ་པོ་གཟི་མདངས་དང་བཅས་རྒྱན་ཆ་ལུགས་ལེགས་པར་སྤྲས་ནས་འབྱོན་པ་ལ།ད་ལམ་ན་བཟའ་སྦོ་ལུག་མར་འབྱོན་པ་ཅི་ཡིན་བསམས་ནས་དོགས་པ་ཞིག་སྐྱེས་སོ།དེར་ཉི་མ་རྒས་པ་དང་རྒྱལ་པོའི་ཕྱག་ཕྱི་ལ་བུ་མོ་དེ་ཕྱིན་ནོ།ས་སྲིབ་པ་དང་རྒྱལ་པོའི་ཕོ་བྲང་དུ་སླེབས། མདོ་ནས་ཉན་པ་དང་རྔ་སྒྲམ་སྒྲམ་ཟེར་བ་བུ་མོས་ཐོས་པས།རྒྱལ་པོ་ལ། ད་སྒྲ་འདི་རང་ཚེ་དབང་ཡིན་པ་འདྲ་ཞུས། རྒྱལ་པོས་གསུངས་པ།བུ་མོ་ཁྱོད་ལ་ངའི་ལུས་པོ་འདི་འཁོར་ཡོད་པས་ངའི་སེམས་འདི་ཁྱོད་ལ་འཁོར་བ་ཡིན།ང་ཤི་ནས་ཞག་བདུན་སོང་། དོ་དགོང་བདུན་ཚིགས་ཡིན་ཟེར། བུ་མོ་ན་རེ། རྒྱལ་པོ་གྲོངས་བསམ་པ་བློ་ལ་མ་བྱུང་།ཡུམ་བགྲེས་མོ་དང་ང་གཉིས་ཅི་བྱེད་ཞུས་པས། རྒྱལ་པོས།བུ་མོ་ཁྱོད་རང་ངེད་ཀྱི་གླང་ར་དེར་སྡོད་ཅིག་གསུངས་ནས་དེ་ནུབ་ཁོང་གཉིས་གླང་ར་དེར་བྱོན་ནོ།དེར་གཟིམས་ནས་བཞུགས་པའི་དུས་སུ།རྒྱལ་པོའི་ཇོ་མོ་དང་ཨ་མ་གཉིས་སྟེང་ན་རྫི་དི་རི་འཁྲུག་གི་འདུག སྒྱུག་མོ་ན་རེ། ངའི་བུ་ཤི་འཕྲལ་བླ་གཡུ་སྦས་ན་མི་འགྲིག་ཟེར།གཡུ་གཞན་རྣམས་ཁྱེད་རང་ཁྱེར་ཡང་ངའི་བླ་གཡུ་ཚུར་ཁྱེར་ཤོག་ཟེར། ཇོ་མོ་ན་རེ།གཡུ་དྲག་པའི་འགོ་བྱས་གསེར་གཡུ་བཅུ་ལྷག་ཙམ་ཞིག་རྒྱལ་པོ་རང་མ་གྲོངས་གོང་ལ་བསྣམས་སོང་ཟེར།ཤི་གསོན་ཐུག་པའི་གཏམ་དེ་ན་བྱེད་ཀྱི་འདུག་པ་དང་། རྒྱལ་པོས་བུ་མོ་དེར་གསུངས་པ།ང་ནི་འཆི་བར་འདུག་བསམ་སྐབས་ཁྱོད་ལ་གཟུགས་པོ་འཁོར་ཡོད་པས་གསེར་གཡུ་རྣམས་མོའི་ལག་ནས་བླངས་ཏེ་རང་རེའི་ཞིང་གུང་ཆེ་མོ་མ་གིའི་དཀྱིལ་ན་སྦས་ནས་དཀར་གོང་གི་རྡོ་ཆེན་པོ་གཅིག་གི་འོག་ན་བཞག་ཡོད།སང་ཆོ་ག་ལ་ཐོན་ནས་བུ་མོ་རང་ཨ་མ་འཚོལ་དུ་སོང་ལ་གོང་གི་གླིང་མོ་རྣམས་ཞིབ་པར་ལབ་ནས་ཨ་མ་དང་ཁོང་གཉིས་འཐབ་ཏུ་མ་འཇུག་ཅིགཞེ་རུས་སྐྱེད་ཅིག་གསུངས། སྟེང་ནས་ཟས་ཡོང་བའི་སྐད་དི་རི་རི་བྱུང་བ་དང་།རྒྱལ་པོ་རྟབ་རྟབ་པོར་བཞེངས་ཏེ།ང་ལ་ཟས་སྟེར་གྱི་འདུག་ད་ང་འགྲོ་གསུངས་ནས་རྒྱལ་པོ་བྱོན་ནོ།བྱོན་པའི་རྗེས་སུ་བུ་མོ་དེ་ལ་བུ་ཆུང་ཞིག་སྐྱེས་སོ། རྒྱལ་པོས་ཟས་བརྔོས་པའི་རྫབ་རྫོབ་ཐུ་བ་གང་ཁྱེར་ཡོང་ནས་མོ་ལ་བྱིན།ཁོང་རང་ཡང་བཟས་། དེར་རྔ་སྒྲམ་སྒྲམ་ཟེར་བ་དང།ང་ལ་ལམ་སྟོན་གྱི་འདུག་ལོག་འགྲོ་ཡིན་གསུངས་ནས་བཞེངས་པ་དང་། བུ་མོས་རྒྱལ་པོའི་ཐུ་བ་ལ་འཆང་ངོ་།རྒྱལ་པོ་ན་རེ། ང་ལ་དམ་པར་འཆང་ལུགས་དེ་ལས་སྙིང་ན་བ་མེད། གོང་དུ་ཇི་ལྟར་ལབ་པ་བཞིན་ཨ་མར་ལོབ་ལ་ཁྱོད་རང་མ་མད་ཕྱོགས་གཅིག་ཏུ་སྡོད་ཅིག་གསུངས་པ་དང་།བུ་མོས་མ་འཆང་བར་ཡུམ་དང་མཇལ་ཙམ་གནང་ཞུས་པར། རྒྱལ་པོས། ད་རེས་མཇལ་བའི་གོ་སྐབས་མེད།དུས་བཟང་ལ་ང་ཡོང་གསུངས། ཞེ་རུས་ཡོད་ན་གང་ཡང་ལས་སླ་བ་ཡིན་ཟེར་ནས་རྒྱལ་པོ་གཤེགས་སོ།བུ་མོ་དེ་བུ་ཆུང་སྐྱེས་པ་དང་རྒྱལ་བུར་སེམས་ཁྲལ་གྱིས་ཕྱི་ཉིན་ཉི་མ་ཤར་ཤར་བར་བརྒྱལ་ནས་ལུས།གླང་གཡོག་རྣམས་གླང་པོ་ཉི་མ་ལ་འདོན་དུ་ཡོང་དུས་བུ་མོ་དེ་ན་འགྱེལ་ཡོད་པ་མཐོང་སྟེ་གླང་གཡོག་རྣམས་བྲེད་ནས་སྟེང་དུ་བརྒྱུགས་ཏེ་རྒྱལ་པོའི་ཡུམ་ལ་ཞུས་སོ།མདང་ནུབ་རང་རེའི་གླང་པོ་ཆེའི་ར་བ་ན་གླང་པོ་ཆེ་འཇུག་དུས་སུ་ཡང་མེད་པར་རྒྱལ་པོ་ཆེན་པོ་དང་ཐུགས་མཐུན་འདུག་ཟེར་བའི་བུད་མེད་དེར་གླང་བྲེས་ནང་བུ་ཆུང་གཅིག་སྐྱེས།མོ་རང་ཁྲག་བོར་ནས་ཤི་འདུག་ཞུས་པས། རྒྱལ་བུའི་ཡུམ་དེ་མགྱོགས་པར་བྱོན་ཙ་ན།མོ་བགྲོད་དེ་འགྱེལ་ཡོད་པ་མཐོང་།ཡུམ་གྱིས་བྱིས་པ་དེ་བུའམ་བུ་མོ་ཡིན་བལྟས་པས་བུ་ཡིན་པར་འདུག་སྟེ། བློན་པོ་རྣམས་ལ་ཞལ་ཏ་བྱོན་ནས་འབྲས་ཆང་ལ་བུ་རམ་ཕུལ་བ་དང་།ཙནྡན་གྱི་གདུས་ཁུ། གསུར་དུད་རྣམས་མགྱོགས་པར་ཁྱེར་ཤོག་གསུངས་པ་དང་།བློན་པོ་རྣམས་མི་འགྲོ་ཟེར་ནས་མི་ཉན་པར་འདུགདེ་འདྲའི་སྔོ་ལོ་ཞིག་ན་ནིང་ནས་ཡོང་བསམས། རྒྱལ་པོ་གྲོངས་པའང་འདིས་ལན་པ་ཡིན་ཟེར།ཡུམ་གྱིས་ཞལ་ཏ་ལ་བུ་གཅིག་ཤི་བའི་ཚབ་བྱུང་།གསུར་དུད་རྣམས་མགྱོགས་པར་ཁྱེར་ཤོག་གསུངས་པས།ཡུམ་གྱི་བཀའ་ནན་མ་ཐེག་པར་བློན་པོ་རྣམས་བྱོན་ནོ། དེར་ཕྱིན་ནས་གསུར་དུད་ཀྱིས་གདུགས།བྱུག་པ་བྱས། ནང་ནས་འབྲས་ཆང་བུ་རམ་ཕུལ་བ་གསོལ་བས།བུ་མོ་དེ་དྲན་པ་གསོས་ནས་ཡར་ལངས་ཏེ་མིག་ཧུར་ཧུར་དུ་ལྟ་ཞིང་ཡུམ་མཐོང་བ་དང་ལག་པ་ལ་བཅངས་ནས་ངུས་སོ།དེར་ཡུམ་གྱི་ཞལ་ནས་ཁྱོད་རང་ངུ་མི་དགོས། ཁྱོད་ལ་གཏམ་ཞིག་འདུག་ཤོད་ཅིག་གསུངས་པ་དང་།བོུ་མོས་ཞུས་པ། ཨ་མ་ཡུམ་ཆེན་ཡུམ་གྱི་བདག་ཉིད་མ།ཆོས་རྒྱལ་ཆེན་པོའི་ཞལ་ནས་འདི་སྐད་གསུངས། ཇོ་མོ་བླངས་ན་ང་ནི་འཆི་ཡོང་གསུངས།ཅི་ནས་བཙུན་མོ་ཁབ་ཏུ་བཞེས་པ་ཞུ་ཞུས་པས། ལེན་པ་འདུག་ན་ང་ནི་འཆི་བ་འདུག་གསུངས་པ་བཞིན་དུ་བྱུང་ཡང་།རང་རའི་བཙུན་མོ་ཁབ་ཏུ་བཞེས་པ་འདི་སློག་གསུང་གི་འདུག་ལ། རང་རེའི་ཞིང་ཆེ་མོ་མ་གིའི་དཀར་གོང་གི་ཐོ་ཐོའི་འོག་ན་བླ་གཡུས་འགོ་བྱས་གསེར་གཡུ་རྣམས་བསྐུངས་ཡོད་གསུང་གི་འདུགརྒྱལ་པོས་གསུངས་པ་བདེན་ན་དུས་བཟང་སོ་སོར་འབྱོན་པའི་ཞལ་བཞེས་ཡོད་ཞུས་པས། ཨ་མ་ན་རེ།ད་བུ་མོ་ཁྱོད་རང་སྟེང་དུ་འགྲོ་ཟེར་ཕི་བྲང་དུ་ཁྲིད་དོ།རྒྱལ་བུ་དེ་ཕྱི་དབྱི་དཀར་གྱི་པགས་པ་དང་། ནང་རྒྱ་དར་ལས་བྱས་པའི་འཇམ་སྟན་ཁ་རུ་བཞགབློན་པོ་དང་རྒྱལ་འབངས་རྣམས་སྲས་དེ་བྱུང་བས་རྒྱལ་རྒྱུད་མི་ཆད་པར་འདུག་ཟེར་ནས་དགའོ།དེ་ནས་ཚེས་བཅོ་ལྔའི་ཐོ་རེངས་ཁར། སིལ་ཟེར་བའི་སྒྲ་ཞིག་བྱུང་སྟེ།བུ་མོ་དེའི་བསམ་པ་ལ། ནམ་རྒྱུན་སྐད་འདི་འདྲ་ཡོང་གི་མེད།རྒྱལ་པོ་དེ་འབྱོན་ཡོང་བ་མིན་ནམ། འབྱོན་གསུངས་པ་དེ་བདེན་ནམ།ཡང་ན་བུ་ཆུང་འདི་ཁྱེར་མཁན་འདྲེ་ཞིག་ཡོང་བ་མིན་ནམ་བསམས་ནས་ལྟ་སྐབས་རྒྱལ་པོ་དེ་བང་སོར་སྦས་པའི་རྒྱན་ཆ་ལུགས་རྣམས་སྤྲས་ཏེ་ཕེབས་བྱུང་ངོ་།བུ་མོ་དེའི་རྩར་དུམ་ཞིག་བཞུགས་སོང་བས་གཟིམ་པའི་བར་ལ། བུ་མོ་དེས་རྒྱལ་པོའི་སྐེ་རགས་དེ་ག་ལེར་འཐེན་ནས་བུ་ཆུང་གི་སྔས་འོག་ཏུ་བརྫངས།ནམ་གསལ་ཆ་བཏང་བ་དང་། ད་ང་འགྲོ་རན་སོང་བཀའ་བཀྱོན་ཕོག་ཡོང་ཟེར། རྒྱལ་པོ་བཞེངས་པ་དང་།སྐེ་རགས་བུ་ཆུང་གི་འོག་ན་ཤོར་འདུག་ཞུས་པས། བུ་ཆུང་དེས་ངུས་ཡོང་ཟེར་སྐེ་རགས་དེར་བཞག་ནས་རྒྱལ་པོ་གཤེགས་སོ།དེར་སང་ཉི་མ་ཤར་བ་དང་བུ་མོས་རྒྱལ་པོའི་སྐེ་རགས་ཁྱེར་ནས་ཨ་མའི་རྩར་བྱོན་ཏེ།མདང་རྒྱལ་པོ་བྱོན་ལགས་ཞུས་པས། དེ་བྱོན་ན་ང་སྐད་མོ་གཏོང་བ་གང་ཡིན།ཁྱོད་ཀྱི་སྐད་ཆ་དེ་རྫུན་ཡིན་གྱི། ཤི་ནས་འཕྲད་པ་མི་འདུག་གསུངས་པ་དང་། བུ་མོས།བྱོན་པ་བདེན་ངེས་ཡིན། སྐུ་རགས་འདིར་ལགས་བྱས་བསྟན་པས།སྐུ་རགས་མཐོང་བ་དང་ཡུམ་བརྒྱལ་ལོ། དེ་ནས་ཡུམ་གྱིས་བུ་མོ་ལ་རྩིས་ཆེ་རུ་སོང་ཞིང་།ད་དུང་ཕེབས་ན་ཁྱོད་ཀྱིས་ངེད་མ་མད་འཕྲད་པ་གྱིས་གསུངས།ཡང་ཟླ་བ་གཅིག་སོང་བའི་ཚེས་བཅོ་ལྔའི་ཐོ་རེངས་ཁར་སིལ་སིལ་ཟེར་བའི་སྒྲ་ཞིག་བྱུང་བ་དང།མོས་རྒྱལ་པོ་འབྱོན་ཡོང་བ་རེད་བསམ་ནས། ཧ་རེ་ཧུ་རེར་ལངས་པས།རྒྱལ་པོས་བུ་མོ་ཁྱོད་གང་དུ་འགྲོ་གསུངས་པར་ང་ཡུམ་གདན་འདྲེན་དུ་འགྲོ་ཞུས་པས།ཁྱོད་ཀྱིས་ང་དང་བུ་ཆུང་འདི་སྐབས་སེང་ལ་འཕྲད་རྒྱུ་ཡོད་པ་འདི་མེད་པ་ཞིག་བཟོ་རྒྱུ་ཡིན་ནམ།འཕྲད་པའི་ཐབས་ཡོད་དེ་ཁྱོད་ཚོས་མི་ནུས་གསུངས་སོ། འཕྲད་པའི་ཐབས་ཡོད་ན་འཆི་བ་སྲོག་ལ་བབས་ཀྱང་ནུས་ལགས་ཞུས་པས།ཁྱོད་ཀྱིས་མི་ནུས་ཁ་རོག་སྡོད་གསུངས་པ་དང་། ཡང་བུ་མོས། ཀྱེ་རྒྱལ་པོ་ཆེན་པོ་ལགས།མ་གཅིག་བུ་གཅིག་དཔྲལ་པའི་མིག ། ཡུམ་སྲས་འཕྲད་པའི་ཐབས་ཡོད་ན། །བདག་འདྲ་ཤི་ཡང་འགྱོད་པ་མེད། ། རྒྱལ་རྒྱུད་འཛིན་པའི་སྲས་ཤིག་ཡོད། །དཀའ་བའི་ལས་ཅི་ཡོད་ཀྱང་བདག་གིས་བསྒྲུབ་པར་ཞུ་ཞུས་པས། ཁྱོད་སྤྱིར་སྐྱེ་བ་དམན་པས་ཞེ་རུས་ཆུང་ཞིང་།ཁྱད་པར་བུ་ཆུང་འདི་ཡོད་པས་མི་ནུས། བག་ཕེབས་ཀྱི་མི་ཕོད་ལས་ཆེ།ཕོད་ན་ལེགས་པར་ཡིད་ལ་འདི་ལྟར་ཞོགརང་རེའི་འདི་ནས་ཕར་ཕྱིན་པ་ན། ལུང་པ་བདུད་ལུང་ནག་པོ་གཅིག་ཡོད་ཀྱི།དེའི་ནང་དུ་ཚུད་པ་དང་ཆུ་མིག་ཞིམ་པོ་ཁྱད་པར་འཕགས་པ་ཞིག་ཡོད། དེ་ལ་ས་ཐོག་ན་སྔར་མཐོང་བའི་ཆུ་མིག་ལས་ཁྱོད་ལས་སྐྱུག་བྲོ་བ་ཞིག་མི་འདུག་ཟེར་ནས་མིག་དང་ཁ་གཅུས་ནས་རྒྱུགས།དེ་ནས་ཡར་ལ་ཕྱིན་པ་ན་ཆུ་མིག་རྣག་ཁྲག་ཏུ་འབབ་པ་ཞིག་ཡོད། དེར་སྔར་མཐོང་བའི་ཆུ་མིག་ལས་ཁྱོད་ལས་ཞིམ་པ་དྭངས་གཙང་བ་མི་འདུག་ཟེར་ནས་ཧུབ་ཅིག་འཐུངས།ཁྲུས་ཤིག་གྱིས་ལ་རྒྱུགས། དེ་ནས་ཡར་ཕྱིན་པ་ན། མཆོད་རྟེན་ལེགས་པོ་ཁྱད་ཕགས་ཤིག་ཡོད།དེ་ལ་སྔར་མཐོང་བའི་མཆོད་རྟེན་ལས་ཁྱོད་ལས་སྐྱུག་བྲོ་བ་མ་མཐོང་།ཁྱོད་ལ་བྱིན་རླབས་ཡོང་དོགས་མེད་ཟེར་ནས་སྐོར་ལོག་བགྱིས་ནས་རྒྱུགས།དེ་ནས་ཡར་ཕྱིན་པ་ན་མཆོད་རྟེན་ནག་པོ་ཁྱི་ལུད་ལ་བྱས་པ་ཞིག་ཡོད།དེར་སྔར་མཐོང་བའི་མཆོད་རྟེན་ལས་ཁྱོད་ལས་བྱིན་རླབས་ཆེ་བ་དང་འབྲེང་གཙང་བ་མ་མཐོང་གྱིས་ལ་བྱིན་རླབས་ཞུས།སྐོར་བ་ཞིག་བརྒྱབ་ནས་རྒྱུགས།དེ་ནས་ཡར་ཕྱིན་པ་ན་རྒད་པོ་སྙུང་བུ་མེད་པར་མཛུབ་མོས་ཀྲད་པ་རྒྱག་པ་ཞིག་ཡོད།དེ་ལ་སྙུང་བུ་ཞིག་སྦྱིན། དེ་ནས་ཡར་ཕྱིན་པ་ན། རྒན་མོ་ཡོས་བརྔོ་དུས་སྐམ་པ་མེད་པ།ནུ་མས་ཚ་ཕྱིས་བྱས་ནས་ཡོས་བརྔོ་མཁན་ཞིག་ཡོད། དེ་ལ་སྐམ་པ་ཞིག་སྦྱིན།དེ་ནས་ཡར་ཙམ་ཕྱིན་པ་ན། བུ་ཚ་གསུམ་གོས་གཅིག་ལ་མ་འཆམ་པར་རྩོད་པ་ཞིག་ཡོད་པས།དེ་གསུམ་ལ་གོས་རེ་སྦྱིན། རེའུ་གཉིས་ལ་རྩྭ་ཆུན་པོ་གཅིག་ལ་མ་འཆམ་པར་ཡོད་པས།དེ་གཉིས་ལ་རྩྭ་ཆུན་པོ་རེ་སྦྱིན། དེ་ནས་ཡར་ཕྱིན་ཙ་ན།ཁྱི་རྒན་གཉིས་རུས་པ་གཅིག་ལ་མ་འཆམ་པར་ཡོད་པས། དེ་གཉིས་ལ་རུས་པ་རེ་སྦྱིན།དེ་ནས་ཡར་ཕྱིན་པ་ན། ལྕགས་མཁར་སྒོ་བཞི་བྱས་ཞིག་ཡོད།དེའི་ནང་ན་བདུད་ཕོ་བདུད་མོ་རྣམས་སྔགས་པའི་ཆས་སྤྲས་པ། དཀྱིལ་འཁོར་ཆེན་པོ་བཤམས་པ།དཀྱིལ་འཁོར་གྱི་མཐའ་ཚོ་ན་སྙིང་ནག་པོ་ཆེན་པོ་ང་ལོང་ང་ལོང་ཟེར་བ་འགའ་ཡོད།དཀྱིལ་འཁོར་གྱི་དབུས་ན་སྙིང་གཞན་ཚོ་ལས་ཅུང་ཆུང་བ་དམར་ཧྲིལ་ཧྲིལ་བ།ང་མ་ལེན་ང་མ་ལིན་ཟེར་བ་ཞིག་ཡོད་པས། དེ་རང་གི་དགོས་དོན་ཡིན།དེར་ལམ་བགྲོད་པ་དཀའ་ཞིང་སྔགས་པ་དེ་རྣམས་མཐུ་སྟོབས་ཆེ་ལ་འཇིགས་ཤིང་རྔམས་པས་མི་ལོན་གསུངས་པས།བུ་མོ་ཞུས་པ།རྒྱལ་པོ་ཁྱོད་དང་འགྲོག་རྒྱུ་བྱུང་ན་དཀའ་བའི་ལས་ཆེ་ནའང་སྒྲུབ་ལགས་ཞུས་པས།རྒྱལ་པོ་གསུངས་པ། བུ་མོ་ཅི་ནས་འགྲོ་ན་དེ་ནས་སྙིང་དེ་བླངས་ཏེ་ཁ་མ་བུབ་པ་བྱས་ནས།རྒྱལ་པོའི་ཕོ་བྲང་དུ་མ་སླེབས་བར་ཕྱི་མིག་མ་བལྟས་པར་ཡོང་དགོས།དེ་བུ་མོས་ཨེ་ནུས་གསུངས་པས། བུ་མོས་ཞུས་པ།ང་འཆི་བ་སྲོག་ལ་བབས་ཀྱང་ལོན་པ་བྱེད། ཡུམ་སྲས་མཇལ་བའི་སྨོན་ལམ་ཡང་འདེབས།བདག་གིས་དཀའ་བའི་ལས་རྣམས་བསྒྲུབ་པ་ཞུ་ཞུས་པར། རྒྱལ་པོས་གསུངས་པ།ཕྱི་མིག་མ་བལྟས་པར་ཕ་མ་ཐུག་པའི་བློ་བརྟན་པ་དགོས་གསུངས་ནས་རྒྱལ་ནས་རྒྱལ་པོ་གཤེགས་སོ།དེ་ནས་བུ་མོ་དེ་ཕ་མའི་ཕོ་བྲང་དུ་ཕྱིན་ནས་རྒྱལ་པོས་གསུངས་པ་རྣམས་གོང་བཞིན་ཨ་མ་ལ་ཞུས་པ་དང་།ཨ་མ་མཉེས་ཏེ། ནམ་འགྲོ་དུས་ཡིན་གསུངས་པར།ཉི་ཤུ་དགུའི་དགོང་མོ་འགྲོ་དུས་ཡིན་ལགས་ཞུས་སོ།དེ་ནས་ཉི་ཤུ་དགུའི་ནུབ་མོ་བུ་མོས་རྒྱལ་པོས་གསུངས་པའི་དགོས་བྱ་རྣམས་ཁྱེར་ཏེ་ཕྱིན་ནོ།ལུང་པ་དེའི་ནང་དུ་སླེབས་པ་དང་ཆུ་མིག་ཞིམ་པོ་ཁྱད་དུ་འཕགས་ཤིག་འདུག་པ་དེ་ལ་སྔར་མཐོང་བའི་ཆུ་མིག་ལས་ཁྱོད་ལས་སྐྱུག་བྲོ་བ་དང་དང་བ་མི་འདྲེན་པའི་ཆུ་མིག་མ་མཐོང་།ཕྱིན་ཆད་ཀྱང་ཁྱོད་ལས་བཙོག་པ་མཐོང་མི་ཡོང་ཟེར་ནས་ས་སྦར་མོ་གང་བཏབ།མིག་ལོག་ཅིག་བལྟས་ནས་ཕྱིན་པ་ན། ཆུ་མིག་རྣག་ཁྲག་ལས་བྱས་པ་ཞིག་ཐུགསྔར་མཐོང་བའི་ཆུ་མིག་ལས་ཁྱོད་ལས་དང་སྤྲོ་བ་དང་ཞིམ་པ་མི་ཡོང་ཟེར་ནས། ཧུབ་གང་བཏུངས།ཁྲུས་ཤིག་བྱས་ནས་ཕྱིན་པས། མཆོད་རྟེན་མཚར་པོ་དེའི་རྩར་སླེབས།སྔར་མཐོང་བའི་མཆོད་རྟེན་ལས་ཁྱོད་ལས་མི་ལིགས་པ་དང་སྐྱུག་བྲོ་བ་མི་ཡོང་ཟེར་ནས་སྐོར་ལོག་དང་འགོམ་ཡུག་ཅིག་བཏང་ནས་ཕྱིན་པ་དང་།མཆོད་རྟེན་ནག་པོ་དེའི་རྩར་སླེབས།སྔར་མཐོང་བའི་མཆོད་རྟེན་ལས་ཁྱོད་ལས་ལེགས་པ་མཐོང་མ་མྱོང་ཟེར་ནས་སྐོར་བ་དང་བྱིན་རླབས་ཞུས་ནས་ཕྱིན་ནོ།དེ་ནས་ཡར་ཕྱིན་པ་དང་རྒད་པོ་སྙུང་བུ་མེད་པ་ལ་སྙུང་བུ་ཞིག་བྱིན།དེ་ནས་ཡར་ཕྱིན་པ་དང་རྒན་མོ་སྐམ་པ་མེད་པ་ལ་སྐམ་པ་ཞིག་བྱིན།དེ་ནས་ཡར་ལ་ཕྱིན་པ་ན་གོས་མེད་པའི་བུ་ཚོར་གོས་བྱིན།དེ་ནས་ཡར་ཕྱིན་པ་ན་རེའུ་གཉིས་ལ་རྩྭ་ཆུན་རེ་བྱིན།དེ་ནས་ཡར་ཕྱིན་པ་ན་ཁྱི་རུས་པ་ལ་མ་འཆམ་པ་དེ་ལ་རུས་པ་རེ་རེ་བྱིན། དེ་ནས་ཡར་ཕྱིན་པ་ན།ཤར་སྒོ་དེར་སླེབས་འདུག་པས་ཤར་སྒོའི་ནང་ཡར་ཕྱིན་པ་དང་།སྔགས་པ་ལ་ལ་རྔ་བརྡུང་འཕྲོ་ལ་གཉིད་དུ་སོང་བ་དང་།ལ་ལ་ཧུཾ་ཧུཾ་ཕཊ་ཕཊ་ཟེར་འཕྲོ་ལ་གཉིད་དུ་སོང་བ་དང་ཐུག་སྟེ་ག་ལེར་འཇབས་ནས་ཕྱིན་པས་སྒྱིད་པ་འདར་སིལ་ལི་བ་ཞིག་བྱུང་།ང་མ་ལེན་ང་མ་ལེན་ཟེར་བའི་སྙིང་དེ་རང་བླངས། ཨམ་ཕྲག་ཏུ་བཅུག་ནས་བྲོས་ཡོང་།དེར་ཁྱི་གཉིས་པོའི་ཐད་དུ་སླེབས་པ་དང་སྔགས་པ་རྣམས་ཀྱིས་ཚོར་ཏེ་རལ་པ་ཟིང་ཙམ་བྱས།མཆི་བ་འབུར་ཙམ་བྱས། ཕོ་བདུད་གཡས་ལ་ཤ་ར་ར། མོ་བདུད་གཡོན་ལ་ཤ་ར་ར་བྱས།ཁྱི་རྒན་གཉིས་ལ་དེ་བཟུང་ཟེར་ཏེ་དེད་པ་དང་། ཁྱི་རྒན་གཉིས་ན་རེ།ངེད་གཉིས་རུས་པ་འདི་ལ་མ་འཆམ་པར་ཉིན་རེ་བཞིན་འཁྲུག་དགོས་པ་ལ་རུས་པ་རེ་རེ་བྱིན་པས་ཁྱོད་ལས་དྲིན་ཆེ་བ་མེད་པས།ཁྱོད་རང་ཐར་ཚད་བྲོས་ཤིག ངེད་ཀྱིས་སྒོར་ཐུབ་ཚད་བྱའོ་ཟེར།དེ་ནས་རེའུ་གཉིས་པོའི་རྩར་སླེབས་པ་དང་། རེའུ་གཉིས་ལ་དེ་བཟུང་བྱས་པ་དང་།རེའུ་གཉིས་ན་རེ། ངེད་གཉིས་ལ་རྩྭ་བྱིན་པས་ཁྱོད་ལས་དྲིན་ཆེ་བ་མེད།ཁྱོད་རང་ཐར་ཚད་བྲོས་ཟེར་བཏང་ངོ་། ཡང་བུ་ཚ་གསུམ་གྱི་རྩར་སླེབས་པ་དང་།དེ་བཟུང་ཟེར་བས། བུ་ཚ་གསུམ་ལ་ཁྱོད་ལས་དྲིན་ཆེ་བ་མེད། ཁྱོད་རང་ཐར་ཚད་བྲོས་ཟེར།རྒན་མོའི་རྩར་སླེབས་པ་དང་རྒན་མོ་ལ་དེ་བཟུང་ཟེར་བ་དང་། རྒན་མོ་ན་རེ།ང་ལ་ཁྱོད་ལས་དྲིན་ཆེ་བ་མེད། ཁྱོད་རང་ཐར་ཚད་བྲོས། ངས་སྒོར་ཐུབ་ཚད་བྱེད་ཟེར་རོ།ཡང་བུ་མོ་རྒད་པོའི་རྩར་སླེབས་པ་དང་། རྒད་པོ་ལ་དེ་བཟུང་ཟེར་བས།ང་ལ་ཁྱོད་ལས་དྲིན་ཆེ་བ་མེད་ཟེར།མཆོད་རྟེན་སྐྱུག་བྲོ་བ་དེའི་རྩར་སླེབས་པ་དང་དེ་བཟུང་ཟེར་བ་དང་།ང་ལ་ཕྱག་འཚལ་བྱིན་རླབས་ཞུ་མཁན་ཁྱོད་མིན་པ་མེད། ཁྱོད་རང་ཐར་ཚད་བྲོས་ཟེར། མཆོད་རྟེན་ལེགས་པའི་རྩར་སླེབས་པ་དང།དེ་བཟུང་ཟེར་བས། འདི་འདྲ་ལ་ཁ་ཡ་མི་ཡོང་བ་འདུག།མོ་ལ་ཅི་ཡང་མ་བྱས་པར་འགོམ་ཡུག་དང་སྐོར་ལོག་བྱས་བྱུང་།འདི་འདྲ་བཟུང་ན་དམངས་ནས་གང་ཟེར་མི་ཤེས་པ་འདུག་ཟེར་བཏང་ངོ།དེ་ནས་མར་བྲོས་ཡོང་བས་ཆུ་མིག་རྣག་ཁྲག་ཅན་གྱི་རྩར་སླེབས་པ་དང་། དེ་བཟུང་ཟེར་བས་ང་ལས་སྐྱུག་བྲོ་བའི་ཆུ་མིག་ལུང་པ་ན་མེད་པ་ལ།བསྟོད་ར་གཏོང་མཁན་ཁྱོད་ལས་མེད། ཁྱོད་རང་ཐར་ཚད་བྲོས་ཟེར།ངས་སྒོར་གང་ཐུབ་བྱེད་ཟེར་ནས་བཏང་ངོ་།ཆུ་མིག་དྭངས་པོ་ལེགས་པོ་དེའི་རྩར་སླེབས་པ་དང་། དེ་བཟུང་ཟེར་བས།འདི་འདྲར་ཡ་ཡོང་བ་མི་འདུག མོ་ལ་ཅང་མ་བྱས་པར་སྨད་ར་བྱེད་ལུགས་ལ་བལྟས་ཚེ།བཟུང་ན་ཐལ་བསུབ་ལ་གཏོང་ཉེན་འདུག་ཟེར་ནས་བཏང་ངོ་།དེར་ཕོ་བྲང་གི་སྒོ་དྲུང་ནང་དུ་ཚུད་པ་དང་ཕྱི་་མིག་ཅིག་བལྟས་པས།ཡར་ཤོག་གསུངས་རྒྱལ་བུ་ནང་ལ་ཕེབས་གྲུབ་འདུགདེརརྒྱལ་པོ་ཕེབས་པ་དང་ཡུམ་བགྲེས་མོས་རྒྱལ་བུ་ལ་བཅངས་ནས་ཤི་གསོན་འཕྲད་ཅེས་དར་ཅིག་བརྒྱལ་ལོ།རྒྱལ་པོ་འབངས་དང་བཅས་པ་ཐམས་ཅད་ཀྱང་དགའོ། དེར་བུ་མོ་བསོད་ནམས་ཆེ་བར་ཐག་བཅད།སྲས་པོ་དེ་ལ་བརྡའ་གྲོལ་བྱས། བུ་མོ་དེ་བཙུན་མོར་བླངས།སྲས་ལྕམ་སྲིང་བཞི་ལྔ་ཡང་འཁྲུངས། རྒྱལ་སྲིད་དེ་སྔར་ལས་དར་རྒྱས་ཆེ་བ་ཞིག་བྱུང་འདུགཅེས་རོས་སྨྲས་པ་དང་། རྒྱལ་བུ་བདེ་སྤྱོད་བཟང་པོའི་ཁ་ནས་བུ་མོ་དེ་ཕལ་པའི་ལུགས་ཀྱི་བསོད་ནམས་རང་ཆེ་བ་ལ་ཨང་ཞེས་ཁ་ནས་ཤོར་བ་དང་།རོ་ན་རེ། རོ་ལ་གཏམ་ཟེར་བྱ་ཁྲ་ཧུར་ཟེར།ལྡན་ལྕག་མེ་བུས་པ་འདྲ་བ་གསུམ་བརྒྱབ་ནས་རོ་དེ་རྡུལ་འཕྱུར་རེ་སོང་ངོ་།རྒྱལ་བུའི་བསམ་པ་ལ་བླ་མའི་ཞལ་ནས། རོ་ཁོས་ཅི་ཟེར་ཡང་ཁྱོད་རང་གཏམ་ལན་ཚིག་གཅིག་ཀྱང་མ་འཇལ་གསུང་གི་འདུག་པ་ཡིན་ཏེ།སེམས་ཡེངས་པས་ཁ་ནས་གཏམ་ཞིག་ཤོར་བས་ཁོ་ནི་ཤོར་སོང་། རོ་མེད་པར་ལོག་ཡོང་བ་ལ་བེད་མེད་གསུང་གི་འདུགསླར་ཡང་རོ་ལེན་དུ་འགྲོ་དགོས་བསམས་དུར་ཁྲོད་དེར་ཕྱིན་ནོ། །