尸语故事:第二集杰布德曲桑布-江村平措

尸语故事:第二集杰布德曲桑布-江村平措


      རོ་སྒྲུང་།

      ལེའུ་གཉིས་པ།

      བུ་མོ་དེ་ཉིད་འབུམ་སྐྱེ་བ་དྲན་པ།

      དེ་ནས་རྒྱལ་བུ་ཤིང་སྡོང་དེའི་རྩར་ཕྱིན་ནས་བལྟས་པས་ཤིང་སྡོང་དེའི་རྩེ་ན་རོ་ཆེན་པོ་གཅིག་འདུག་པ་དེས། ང་མ་ལེན་ང་མ་ལེན་ཟེར། མཐའི་རོ་བྲན་རྣམས་ཀྱིས་ནི་ང་ལོང་ང་ལོང་ཟེར། དེར་རྒྱལ་བུས་རལ་གྲི་བཏོན་ནས་ཤིང་སྡོང་ལ་རྒྱག་པར་ཆས་ཏེ། བླ་མ་ཀླུ་སྒྲུབ་སྙིང་པོ་ཡིན་། ། ང་རང་རྒྱལ་བུ་བདེ་སྤྱོད་བཟང་པོ་ཡིན། ། རལ་གྲི་ངར་མོ་རྡོ་ཆོད་ཡིན། ། དྲ་བ་ལྕགས་ཀྱི་མིག་དགུ་ཡིན། ། ཏོག་མ་སེང་ལྡེང་སྨུག་པོ་ཡིན། ། ཞགས་པ་འཕྲུལ་གྱི་ཨ་ལོང་ཡིན། ། མར་ཟན་ཟོས་པས་འཛད་མེད་ཡིན། ། རོ་ཁོག་བབ་བམ་ཤིང་སྡོང་གཅོད། ། ཅེས་བྱས་པས། རོ་དེ་བབས་བྱུང་སྟེ་ཏོག་མ་དེས་བརྡུངས། དྲ་བ་དེའི་ནང་དུ་བརྫངས། ཞགས་པ་དེས་བསྡམས་ནས་རྒྱབ་ཏུ་ཁུར་ཡོང་ངོ་། དེ་ནས་གོམ་པ་བདུན་ཙམ་སླེབས་པ་དང། རོ་དེས། རྒྱལ་བུ་རྒྱལ་བུ། ཡང་ན་རྒྱལ་བུས་སྒྲུང་གཅིག་ཤོད། ཡང་ན་ངས་སྒྲུང་གཅིག་བཤད་ཟེར་བས། རྒྱལ་བུའི་བསམ་པ་ལ། བླ་མའི་ཞལ་རས་ནས་རོ་ཁོ་རང་གིས་ཅི་ཟེར་ཡང་གཏམ་ལན་མ་ལབ་གསུང་གི་འདུག་པས། གཏམ་ལན་བྱེད་མི་ཉན་བསམས་ནས་ཁ་རོག་བསྡད་པས། རོ་ན་རེ། རྒྱལ་བུ་ལས་ཟད་ཁྱོད་འདྲའི་ཁ་ནས་གཏམ་ཡོང་བ་མི་འདུག ངས་སྒྲུང་ཞིག་བཤད་ཀྱི་ཉོན་ཨང་ཟེར་ནས། ལུང་པ་ཞིག་ན་རྒྱལ་པོའི་བུ་ཞིག་ཡོད་ཅིང་། རྒྱལ་པོ་དེའི་འཁོར་ན་ཕྱུག་པོ་ཆེན་པོའི་བུ་ཞིག་དང་། སྤྲང་པོའི་བུ་ཞིག་ཡོད་པར་གདའ། ལུང་པའི་ཕུ་ན་བུ་མོ་དེ་ཉིད་འབུམ་ཟེར་བ་ཡིད་དུ་འོང་ཞིང་སྐྱེ་བ་སྔ་མ་དྲན་པ། སྐྱེས་པ་སུ་འདྲ་ཞིག་ལའང་གཏམ་མི་ལབ་པ་ཞིག་ཡོད། ལུང་པ་དེའི་རྒྱལ་པོ་དེས་ངས་བུ་མོའི་གཏམ་ཁ་ཁུག་ན་ཕྱུག་པོའི་བུའི་ནོར་ཕྱེད་ཙམ་ང་ལ་སྦྱིན་དགོས་ལ། སྤྲང་པོའི་བུ་ཡང་ངའི་ཚེ་གཡོག་ཏུ་བསྡད་དགོས། ཕྱུག་པའི་བུས་གཏམ་ཁ་ཁུག་ན། རྒྱལ་སྲིད་ཕྱེད་ཕྱུག་པོའི་བུར་སྤྲོད་རྒྱུ་དང་། སྤྲང་པོའི་བུ་ཁོའི་ཚེ་གཡོག་ཏུ་བསྡད་དགོས། སྤྲང་ཕྱུག་གིས་བུ་མོའི་གཏམ་ཁ་ཁུག་ན། རྒྱལ་པོས་རྒྱལ་སྲིད་ཕྱེད་སྤྲད་རྒྱུ་དང་། ཕྱུག་པོའི་བུའི་རྒྱུ་ནོར་ཕྱེད་ཙམ་ཁོ་ལ་སྤྲད་དགོས་ཞེས་ཁ་དན་བྱས། ཉིན་ཞིག་རྒྱལ་པོའི་བུས་བློན་པོ་དང་གླང་པོ་ཆེ་ལ་རྒྱན་གྱིས་སྤྲས་ཏེ་ལུང་པའི་ཕུ་ལ་བྱོན་ནས་གྱུ་གར་སོགས་རྩེད་འཇོ་གང་བྱས་ཀྱང་བུ་མོའི་གཏམ་ཁ་མ་ཁུག ཡང་ཕྱུག་པོའི་བུས་གཟབ་མཆོར་སྤྲས། ལོངས་སྤྱོད་ཕུན་སུམ་ཚོགས་པ་ཁྱེར་ནས་བུ་པོའི་གཏམ་ཁ་ཨེ་ལེན་བལྟས་པས་མ་ཁུག་བྱས་པར་ལོག་སོང་། ད་སྤྲང་ཕྲུག་ཁྱོད་ཀྱིས་གཏམ་ཁ་ཨེ་ཁུག་བྱས་པར། དེའི་ཕྱི་ཉིན་སྤྲང་པོའི་བུས་གོས་རལ་པ་ཞིག་ཡོད་པ་དེ་གྱོན་ནས་ལུང་པའི་ཕུ་ལ་ཕྱིན། ལམ་བར་ལུང་པའི་ཕུ་ནས་རྒན་མོ་གཅིག་བྱུང་བ་དང་འཕྲད་པས། རྒན་མོས་སྤྲང་པོ་གང་དུ་འགྲོ་བྱས་པས། རྒན་མོ་ཁྲེལ་རྒོད་ཅིག་ཤོར་ནས་ན་རེ། ཁ་ཉིན་རྒྱལ་པོ་ཆེན་པོ་བྱོན་ནས་གླང་ཆེན་རྒྱན་གྱིས་སྤྲས། གླུ་གར་རྩེད་འཇོ་གང་བྱས་ཀྱང་བུ་མོའི་གཏམ་ཁ་མ་ཁུག ཁ་སང་ལུང་པའི་ཕྱུག་པོ་བྱོན་ནས་གཟབ་མཆོར་སྤྲས་ཤིང་ལོངས་སྤྱོད་ཕུན་སུམ་ཚོགས་པ་ཁྱེར་ཡོད་ཀྱང་བུ་མོའི་གཏམ་ཁ་མ་ཁུག་པར་ལོག་སོང་། སྤྲང་པོ་ཁྱོད་ཀྱིས་གཏམ་ཁ་ཨེ་ཁུག་བྱས་པར། སྤྲང་པོས་རྒན་མོ་ལ་སྨྲས་པ།བུ་མོ་དེ་རྒྱལ་པོས་ཀྱང་གཏམ་ཁ་མ་ཁུག། ཕྱུག་པོས་ཟས་ནོར་ལོངས་ཕུན་སུམ་ཚོགས་པ་ཁུར་ཀྱང་གཏམ་ཁ་མ་ཁུག་ན། བུ་མོ་དེ་ལྐུགས་མ་ཡིན་ནམ་བྱས་པར། རྒན་མོས་སྨྲས་པ། བུ་མོ་དེ་ལྐུགས་མ་ག་ལ་ཡིན། སྨྲ་མཁས་ཤིང་། སྐྱེ་མཆེད་གཙང་བ། སྐྱེ་བ་མང་པོ་དྲན་པོའི་ཡོན་ཏན་ཡོད་ཅེས་སྨྲས་པས། སྤྲང་པོ་ན་རེ། ལུང་པ་འདི་ན་རྒྱལ་པོ་ལས་དབང་ཆེ་བ་མེད། དེ་ལ་ཡང་གཏམ་མི་སྨྲ་ན་ལྐུགས་པ་ལས་ཀྱང་ལོད་བྱས་པར། རྒན་མོ་ཞེ་སྡང་ལངས་ནས། སྤྲང་པོ་ཁྱོད་རང་ལེགས་པར་ཉོན་དང་། བུ་མོ་དེར་སྐྱེ་བ་དཔག་ཏུ་མེད་པ་དྲན་པའི་ཡོན་ཏན་འདི་འདྲ་གདའ་། སྐྱེ་བ་སྔོན་མ་བུ་མོ་སྟག་གི་ལུས་སུ་བླངས་པའི་དུས་ཁྱོ་བོ་དེ་རྔོན་པས་བསད། མོ་ལ་སྟག་ཕྲུག་བཞི་ལྔ་སྐྱེས་ཏེ་ཕ་མེད་པར་མོ་རང་ལྟོ་འཚོལ་དུ་ཕྱིན་པའི་དུས་སུ་ཡང་རྔན་པས་སྟག་ཕྲུག་རྣམས་བསད། མོས་ཕྲུ་གུ་རྣམས་སེམས་ཀྱིས་མ་ཕོད་པར་བརྒྱུགས་པས་མོ་རང་ཡང་བསད། འཁོར་བ་ལ་སྐྱོ་བ་གཅིག་དེར་སྐྱེས་པ་ཡིན་པར་འདུག ཡང་སྐྱེ་བ་རྟིང་མ་ཞིག་ལ་བྱ་སྲེག་པའི་ལུས་བླངས། སྤེན་མའི་གསེབ་ཏུ་ཚང་བྱས་ཏེ་ཕྲུ་གུ་རྣམས་གཤོག་པ་མ་རྒྱས་ཙམ་ལ་ཕྱུགས་རྫི་ལུག་རྫི་མང་པོས་མེ་བརྒྱབ་སྟེ་བསྲེགས། མོ་རང་ཕྲུ་གུ་ལ་འཁོར་བས་མོ་རང་ཡང་མེས་ཚིག ཁྱོ་བོ་དེ་ཡོང་ནས་གཤོག་པ་ཆུ་ལ་བཅུག་ནས་མེ་གསོད་པའི་ལུགས་བྱས། འཐའ་ཐབས་བྱས་པས་བཟའ་ཚོ་ཐམས་ཅད་མེས་ཚིག ཁྱིམ་པ་ལ་སྐྱོ་བ་གཅིག་དེར་སྐྱས་པ་ཡིན་པར་འདུག ཡང་སྐྱེ་བ་རྟིང་མ་ཞིག་ལ་བྱ་ཅོ་གའི་ལུས་བླངས། ཕྱུག་པོ་ཆེན་པོ་ཞིག་གི་ཞིང་གི་དཀྱིལ་དུ་ཚང་སྐྱིད་པར་བཅས་སྒོ་ང་སྤུན་གསུམ་བྱུང་བ་ཕྲུ་གུ་རྣམས་བརྡོལ་ཏེ། སྔོ་ཆུ་བཏང་བའི་དུས་སུ་ཆུ་རྣམས་ཡར་ལུད་ཅིང་། ཕྲུ་གུ་རྣམས་གབ་པས་འོལ་ཀ་བསྒྱུར་བ་དང་ཐུག་སྟེ་མ་བུ་རྣམས་འདམ་འོག་ཏུ་ཤོར། སྐྱེ་བ་དཔག་ཏུ་མེད་པ་ན་སྐྱེས་པ་ལ་གཏམ་མི་ལབ་པའི་རྒྱུ་མཚན་དེ་ཡིན་པར་འདུག་བྱས་སོ། དེ་ནས་ཁོ་ལུང་པའི་ཕུ་ལ་ཕྱིན། སྐབས་དེར་བུ་མོ་དེ་སྣམ་བུ་འཐག་གིན་ཡོད་པས་ཁོས་ཐགས་ཁྲིའི་རྩར་ཕྱིན་ཏེ། ཝ་ཡེ། ངའི་བཟའ་མོ་དེ་འདྲ་བ་ལ་བྱས་ངུས་པས། བུ་མོ་ནི་ཁོ་ལ་མིག་ཀྱང་མི་ལྟ་བར་ཐགས་ཁྲི་གཞན་དུ་སྤོས། ཁོས་ཡང་བུ་མོའི་རྩར་ཕྱིན་ནས། ཝ་ཡེ། ངའི་བཟའ་མོ་དེ་འདྲ་བ་ལ་བྱས་ངུས་བསྡད་པར། བུ་མོ་དེས་གཏམ་ཁ་མི་ལེན་པར་མོ་རང་གི་ནང་དུ་སོང་ ཡང་རྗེས་ལ་ཕྱིན་པས། སྒོ་དེ་རྟ་སོ་ལས་འགྲིགས་པ་བསྡམས་ནས་སོང་པས། ཁོས་ཐེམ་པ་སྔས་སུ་བྱས་ནས་ངུ་བཞིན། ངའི་བཟའ་མོ་དེ་འདྲ་བ་ལ་ཨང་། དང་པོ་སྐྱེ་བ་སྔ་མ་སྟག་གི་ལུས་བླངས། ང་ས་མདས་བསད། ཁྱེད་རང་ཕྲུ་གུ་བློས་མ་ཐོང་བར་རྔོན་པས་བསད། ཁྱོད་ནི་དེའི་དུས་ཀྱི་སྟག་མོ་དེ་འདྲ་བ་ལ། དེ་ནས་ང་བྱ་སྲེག་པའི་ལུས་བླངས་པའི་དུས་ཀྱི་ཆང་མ་དེ་འདྲ་བ་ལ། སྲེག་ཕྲུག་རྣམས་གཤོག་པ་མ་རྒྱས་ཙམ་ལ་རྫི་བོས་མེ་བརྒྱབ། ཁྱོད་ཀྱིས་ཕྲུ་གུ་རྣམས་བསྐྱབ་པར་འགྲོ་སྐབས་ཡོད་ཚད་མེ་ལ་ཤོར་བ་དེ་འདྲ་བ་ལ། དེའི་རྟིང་མ་བྱ་ཅོ་གའི་ལུས་བླངས་པའི་དུས་སུ། ང་ཟས་འཚོལ་དུ་འགྲོ་བའི་རིང་ལ་སྔོ་ཆུ་བཏང་། འོལ་ཀ་བསྒྱུར་བའི་འོག་ཏུ་ཁྱེད་མ་བུ་རྣམས་འདམ་ལ་ཤོར་བ་དེ་འདྲ་བ་ལ། ང་འཁོར་བས་ང་ཡང་བསད། སྐྱེ་བ་དེ་དག་གི་ཆུང་མ་དེ་འདྲ་བ་ལ་བྱས་ངུས་པས། མོ་སྔར་གྱི་སྐྱེ་བ་དྲན་ཏེ། མཆི་མ་ནར་གྱིས་ཕྱུང་། དེར་མོས་སྒོ་ཕྱེ་ནས་ཁོའི་རྩར་ཕྱིན། ཁོས་གོང་གསལ་རྣམས་བསྐྱར་བཤས་བྱས་པས། མོ་ན་རེ། སྐྱེ་བ་ནས་སྐྱེ་བ་དྲན་ནས་སྐྱོ་བ་སྐྱེས་པ་ཞིག་ཡིན་ཏེ། ཁྱོད་སྐྱེ་བ་ནས་སྐྱེ་བའི་ཆུང་མ་ངའི་གྲོགས་སུ་འདུག་པས་ནང་དུ་ཤོག ལན་ཆགས་མ་འཁོར་བ་ཡིན་ཟེར་ནས་ནང་དུ་བོས་སོ། ཁོའི་གོས་ལྷམ་ངན་པ་རྣམས་རྒྱང་ལ་བསྐྱུར། མོས་གོས་ལྷམ་ལེགས་པོ་དང་རྒྱན་ཆ་ལུགས་རྣམས་སྤྲོས་སུ་བཅུག ཁྲུས་བྱས་སྤོས་ཀྱིས་གདུགས། དེ་ནུབ་དེར་བསྡད། སང་བཟའ་མི་གཉིས་རྒྱལ་པོའི་ཕོ་བྲང་དུ་ཕྱིན་ནོ། རྒྱལ་པོས་སྤྲང་ཕྲུག་ལ་རྒྱལ་སྲིད་ཀྱི་ཕྱེད་གནང་། ཕྱུག་པའི་བུས་ནོར་རྣམས་རྒྱལ་ལ་སྤྲད། དེ་ནས་ལོ་ཤས་སོང་བ་དང་བུ་དེ་ལུང་པ་དེའི་རྒྱལ་པོར་བཀོད། རྒྱལ་སྲིད་དར་ཞིང་རྒྱས་པ་བྱུང་བ་ཡིན་པར་གདའ་ཟེར་བས། རྒྱལ་བུས་མི་ཁོ་བསོད་ནམས་རང་ཆེ་ཟེར་བ་ཁ་ནས་ཤོར་བས། རོ་ན་རེ། རོ་ལ་གཏམ་ཟེར་བྱ་ཁྲ་ཧུར་ཟེར། ལྡན་ལྕག་མེ་ལྟར་ཚ་བ་གསུམ་བརྒྱབ་ནས་ཤོར་རོ། །