尼曲桑布故事-07乃东王的耳环-江村平措

尼曲桑布故事-07乃东王的耳环-江村平措

       


      སྣེ་གདོང་རྒྱལ་པོའི་སོག་བྱིལ།

      ཉིན་ཞིག་ཉི་ཆོས་བཟང་པོས་རྒྱལ་པོ་དང་མཉམ་དུ་ཆུ་ཁར་ཆུ་བརྒལ་བར་ཕྱིན།ཆུ་ཁར་སླེབས་རྗེས་རྒྱལ་པོས་སྔར་ལྟར་རང་ཉིད་ཀྱི་ཨམ་ཅོག་ལ་བཏགས་པའི་སོག་བྱིལ་མར་བཀྲོལ་ནས་ལྕང་མའི་ཡལ་གར་བཀལ་རྗེས་ཆུ་བརྒལ་ནས་གཟུགས་པོ་བཀྲུས།ཕྱིར་ལོག་བྱེད་སྐབས་རྒྱལ་པོས་སོག་བྱིལ་འདོགས་རྒྱུ་གཏིང་བརྗེད་དུ་སོང་། ཉི་ཆོས་བཟང་པོས་རྒྱལ་པོར་དྲན་གསོ་སྐུལ་དགོས་བསམས་ནས་“ལྕང་ལྕང་སྟེང་གི་ཕྲུལ་ཕྲུལ། ལྕང་ལྕང་སྟེང་གི་ཕྲུལ་ཕྲུལ་”ཞེས་གཅིག་ལབ་བརྒྱབ།

          རྒྱལ་པོས་སྐད་ཆ་དེ་ཐོས་ཀྱང་དོ་སྣང་མ་བྱུང་བར་“ཉི་ཆོས་བཟང་པོ།རྟ་ཁྲིད་ཤོགངེད་གཉིས་ལོག་འགྲོ་”ཞེས་བཤད།

      རྒྱལ་པོ་ཁྱིམ་དུ་སླེབས་རྗེས་གློ་བུར་དུ་སོག་བྱིལ་དྲན་གསོས་ནས་ཉི་ཆོས་བཟང་པོར་“མགྱོགས་པོ་ངའི་རྟ་བཞོན་ནས་སོག་བྱིལ་འཚོལ་བར་རྒྱུགས་དང་།རྟ་ཤི་ཤི་དང་།སྒ་ཆག་ཆགཞིབ་ལ་རྩིང་དག་བཅས་བྱས་ཏེ་བཙལ་ནས་ཁྱེར་ཤོག་”ཅེས་མངགས་ཆ་བྱས།

           ཉི་ཆོས་བཟང་པོས་རྟ་བཞོན་ནས་ཆུ་ཁར་སླེབས་རྗེས་སོག་བྱིལ་དེ་རྙེད་པ་དང་སེམས་ནང་ད་རེས་སེམས་གནག་ཅིག་བྱེད་དགོས་བསམས་ནས་རྟ་དེ་བསད།རྟ་སྒ་བཅགསོག་བྱིལ་དེ་རྡོ་རྡུང་བཏང་ནས་ཞིབ་པ་རྣམས་ཤོག་ཆག་གཅིག་བརྒྱབ།རྩིང་བ་རྣམས་ཤོག་ཆག་གཅིག་བརྒྱབ་རྗེས་རྒྱལ་པོའི་དྲུང་དུ་ཕྱིན་ནས་“ངས་རྒྱལ་པོའི་བཀའ་ལྟར་བསྒྲུབས་ཡོད། རྟ་ནི་རྒྱུག་དྲགས་ནས་ཤི་སོང་།སྒ་ནི་ཆག་སོང་།ལྕང་སྟེང་གི་དངོས་པོ་དེ་འདི་གར་ཡོད།    འདི་ནི་ཞིབ་པ་འདི་ཡིན།   འདི་ནི་རྩིང་བ་དེ་ཡིན་”ཞེས་བཤད་ནས་ཤོག་ཆག་གཉིས་པོ་རྒྱལ་པོར་ཕུལ།

           རྒྱལ་པོ་ཤིན་ཏུ་ཁྲོས་ནས་གདོང་པོའང་སྨུག་པོར་གྱུར་པ་དང་མིག་ཆེན་པོ་གདངས་ནས་“སུས་ཁྱོད་ལ་འདི་འདྲ་བཟོས་ཟེར་གྱི་འདུག་གམ་”ཞེས་དྲིས།

         ཉི་ཆོས་བཟང་པོས་“དཀོན་མཆོག་མཁྱེན།རྒྱལ་པོ་ཁྱེད་ཀྱིས་ང་ལ་རྟ་ཤི་ཤི།སྒ་ཆག་ཆག་བརྒྱུགས་ནས་སོག་བྱིལ་དེ་ཞིབ་ལ་རྩིང་དག་ཡག་པོ་བྱས་ནས་ཁྱེར་ཤོག་གསུངས་པ་མིན་ནམ།ད་ལྟ་ངས་ཁྱེད་ཀྱི་བཀའ་ལྟར་བསྒྲུབས་ཡོད་པས་ཁྱེད་དགོངས་པ་འགལ་དོན་མེད་”ཅེས་ཞུས།

      དེས་ན་རྒྱལ་པོ་ཁོང་ཁྲོ་ལྷག་པར་ཟ་བ་ལས་གང་ཤོད་འདི་ཤོད་མེད་པར་གྱུར།