尼曲桑布故事-06学狗叫-江村平措

尼曲桑布故事-06学狗叫-江村平措


      རྒྱལ་པོར་ཁྱི་སྐད་རྒྱག་ཏུ་འཇུག་པ།

           ཡང་ཉིན་ཞིག་ཉི་ཆོས་བཟང་པོས་གཡོག་པོ་སྤྱི་བྱིངས་དང་མཉམ་དུ་སྐད་ཆ་ཤོད་རེས་བྱེད་སྐབས་རྒྱལ་པོར་ཁྱི་སྐད་རྒྱག་ཏུ་འཇུག་ཐུབ་མིན་གླེང་མོལ་བྱས།ཉི་ཆོས་བཟང་པོས་རྒྱལ་པོར་ཁྱི་སྐད་རྒྱག་ཏུ་འཇུག་རྒྱུ་དེ་ལས་སླ་པོ་རེད་ཅེས་བཤད།གཡོག་པོ་བྱིངས་རྣམས་ཧ་ལས་པའི་ངང་གང་འདྲ་བྱས་ནས་ཁྱི་སྐད་རྒྱག་ཏུ་འཇུག་ཐུབ་བམ་ཞེས་དྲིས་པར།ཉི་ཆོས་བཟང་པོས་ཁྱེད་ཚོས་ལྟོས་ཨང་ཟེར་ནས་གཟིམ་ཆུང་དུ་རྒྱལ་པོའི་དྲུང་དུ་ཕྱིན་པ་དང་ཁོང་ཚོ་རྒྱལ་པོའི་གཟིམ་ཆུང་གི་སྒོ་ཡོལ་གྱི་གསེང་ནས་ལྟ་རུ་བཅུགཉི་ཆོས་བཟང་པོས་རྒྱལ་པོའི་དྲུང་དུ་སོང་ནས་གཏམ་ཞིག་ཞུ་རྒྱུ་ཡོད་མདོག་གིས་མགོ་ལ་བྲད་ཙམ་བྲད་ཙམ་བྱས་པར།རྒྱལ་པོས།ཡ།ཉི་ཆོས་བཟང་པོ་གང་ཤོད་རྒྱུ་ཡོད་ཅེས་དྲིས་པར། ཉི་ཆོས་བཟང་པོས་མགོ་བོ་སྒུར་སྒུར་བྱས་ནས་འདི་སྐད་ཞུས། “རྒྱལ་པོ་རིན་པོ་ཆེ། ཕོ་བྲང་གི་རྒྱལ་སྒོའི་ཕྱི་རོལ་ན་འབྲོག་པ་ཞིག་ལ་འདོགས་ཁྱི་ཆེན་པོ་ཞིག་འཚོང་རྒྱུ་འདུག་པས་རྒྱལ་པོས་སྤུས་གཟིགས་མི་གནང་ངམ་”ཞེས་ཞུས་པར། རྒྱལ་པོས་ཉི་ཆོས་བཟང་པོར་གཟིགས་ནས་ཁྱི་དེ་སྐད་ཡག་ལོད་གང་འདྲ་འདུག་ཅེས་གསུངས་པར། ཉི་ཆོས་བཟང་པོས་སྐད་ཧ་ཅང་ཡག་པོ་འདུག་ཅེས་ཞུས། རྒྱལ་པོས་སྐད་གང་འདྲ་རྒྱག་གི་འདུག་ཅེས་དྲིས་པར། ཉི་ཆོས་བཟང་པོས་“ཨའོ་ཨའོ་ཨའོ་”ཞེས་རྒྱག་གི་འདུག་ཞུས་པར། རྒྱལ་པོས་ཉི་ཆོས་བཟང་པོ་ཁྱོད་ལས་ལྐུགས་པ་གང་དུ་ཡོད། འདོགས་ཁྱི་ཆེན་པོའི་སྐད་དེ་འདྲ་མ་རེད། ད་ལྟ་ཁྱོད་ཀྱིས་བརྒྱབ་པའི་ཁྱི་སྐད་དེ་རྒྱ་ཁྱི་ཆུང་ཆུང་གི་སྐད་རེད། འདོགས་ཁྱིའི་སྐད་འདི་འདྲ་རེད་ཅེས་ཤོད་བཞིན་པར་མདུན་ལྕོག་སྟེང་གི་དངོས་པོ་རྣམས་ཕར་བསྡུས་ཟེར་ནས་རྒྱལ་པོ་རང་ཉིད་ཀྱིས་མདུན་ལྕོགས་སྟེང་དུ་ལག་གཉིས་བཞག གདན་སྟེང་དུ་པུས་མོ་བཙུགས་ནས།“འ་འུ། འ་འུ། འ་འུ་”ཞེས་ཁྱི་སྐད་བརྒྱབ། ཉི་ཆོས་བཟང་པོས། འོ་ལགས་སོ། འདོགས་ཁྱིའི་སྐད་དེ་འདྲ་ཡིན་ལགས་སོ་ཟེར་ཏེ་གཟིམ་ཆུང་ནས་ཕྱིར་ཐོན་ཕྱིན་པར་གཡོག་པོ་ཚོས་ཧ་ལས་མདོག་གིས་དངོས་འབྲེལ་ཉི་ཆོས་བཟང་པོ་ཁྱེད་ནི་རིག་པ་རྣོ་པོ་ཞིག་རེད་ཅེས་ཤོད་བཞིན་པར་ཚང་མ་གད་མོ་ཤོར།