旦曲-春-朱自清-01 དཔྱིད།

旦曲-春-朱自清-01 དཔྱིད།

春-朱自清

播音:旦曲


      དཔྱིད།

      ཀྲུའུ་ཙི་ཆིང་གིས་བརྩམས། འཇུ་སྐལ་བཟང་གིས་བསྒྱུར།

      རེ་སྒུག་གི་ངང་དུ་དཔྱིད་རླུང་སླེབས་བྱུང་ལ། དཔྱིད་ཀྱི་གོམ་སྒྲ་ཉེ་རུ་ཕྱིན།

      ཐམས་ཅད་གཉིད་ལས་སད་མ་ཐག་པ་བཞིན་མཚར་ཉམས་ཀྱི་འདྲེན་བྱེད་གྲུང་པོར་ཕྱེ། རི་བོར་མདངས་རྒྱས་ཤིང༌། ཆུ་བོར་བོགས་ཐོན་ལ། ཉིན་བྱེད་ཀྱི་བཞིན་རས་དམར་པོར་མངོན།

      རྩྭ་ལྗང་ཆུང་ངུ་དག་ནི་འཇབ་བུའི་སྟབས་ཀྱིས་ས་ཤུན་བརྟོལ་ཏེ་ཐོན་པ་ནེམ་ནེམ་པོ་དང་ལྷོད་ལྷོད་དང་ལྗང་ཐིང་ཐིང་དུ་སྣང༌། ར་བ་དང་རི་ཐང་དུ་བལྟས་ཚེ། རྩྭ་ཡི་ལྗང་བུ་གསར་བ་དག་ས་ཁུག་དང་ས་ཁུག་གང་སར་སྐྱེས་པ་སྐབས་འགར་ཀྲོང་ངེར་སྡོད་ཅིང༌། རེ་འགར་ཉལ་ཏེ་འདུག་ལ། ལུས་ཀྱི་འགྲེ་ལྡོག་རེ་གཉིས་དང་མགོ་བོས་དཀྲུག་དཀྲུག་ལན་འགའ་བྱེད་ཅིང༌། གབ་རྩེད་ལ་རོལ་བ་ལྟར་འཚར་སྐྱེད་འགྲན་པར་བྱེད། རླུང་བུ་ནི་བསིལ་བསིལ་ལྡང་ཞིང་། རྩྭ་ལོ་ནི་འཇམ་ནེམ་ནེམ་དུ་གཡོ།

      ཁམ་བུའི་སྡོང་པོ་དང༌། མངར་ཁམ་གྱི་ལྗོན་པ། ཤིང་འབྲས་ལིའི་ལྗོན་ཤིང་དག་ནི་ཕན་ཚུན་ཕྲག་དོག་དང་འགྲན་རྩོད་ཀྱི་ཚུལ་གྱིས་རང་རང་གི་མེ་ཏོག་རྫོགས་པར་བཞད་དེ་ཉམས་མཚར་འགྲན་བཞིན་མཆིས། དེ་ཡང་དམར་པོ་མེ་དཔུང་གི་ཁ་དོག་ལ་འགྲན་ཅིང༌། གློ་ཁ་མཚམས་སྤྲིན་གྱི་མདངས་དང་མཚུངས་ལ། དཀར་པོ་ཁ་བའི་མདོག་དང་འདྲ་བའི་མེ་ཏོག་དག་ལས་དྲི་ཞིམ་མངར་སིལ་སིལ་དུ་འཐུལ། མིག་ཟུང་བཙུམས་པ་ཙམ་གྱིས་ཁམ་བུ་དང༌། མངར་ཁམ། ལི་སོགས་འབྲས་བུའི་ཁུར་གྱིས་ལྗོན་ཤིང་དེ་དག་གི་ཡལ་ག་ཀུན་ནས་དུད་པའི་ངང་ཚུལ་སྣང་ཡུལ་དུ་ལྷང་ངེར་འོང༌། མེ་ཏོག་གི་འདབ་མ་ཀུན་ནས་རྒྱས་པའི་ཚལ་ན་མགྲིན་སྒྲ་ཟ་ཟིར་སྒྲོག་པའི་བུང་བའི་ཚོགས་ནི་འདུ་འཛི་ལང་ལོང་གིས་བྲེལ་ཞིང༌། ཕྱེ་ལེབ་ཆེ་ཆུང་དག་ཕན་ཚུན་འཕུར་ཞིང་ལྡིང་བའི་གཤོག་འགྱུར་ཅི་ཡང་སྒྱུར། རི་སྐྱེས་མེ་ཏོག་ནི་གང་དུའང་བཀྲ་ཞིང༌སྣ་ཚོགས་སུ་བཞད་དེ། མིང་ཐོགས་པ་དང་མི་ཐོགས་པ་དུ་མ་ཡོད་པ་རྩྭ་ལོ་ཡི་གསེབ་ཏུ་ཐོར་བ་འདྲེན་བྱེད་དང་འདྲ་ཞིང་། སྐར་ཕྲན་དང་ཡང་མཚུངས་ཏེ། ཀེམ་ཀེམ་དུ་གཡོ་ཞིང༌། ལྷེམ་ལྷེམ་དུ་འཚེར།

      “གདོང་ལ་གྲང་ཟུག་མི་སྦྱིན་དཔྱིད་ཀའི་རླུང”ཞེས་པ་འཁྲུལ་མེད་དུ་འཁུམས་ཏེ། དཔྱིད་ཀྱི་དྲི་བཞོན་ནི་འཇམ་ཞིང་མཉེན་པ་མ་མའི་ཕྱག་སོར་དང་འདྲ་བར་ཁྱོད་ཀྱི་ལུས་ལ་བྱིལ་བྱིལ་ཅིང༌། གསར་དུ་བསླངས་པའི་འདམ་བག་གི་དྲི་ངད་དང༌། རྩྭ་སྔོན་གྱི་བསུང་ཞིམ། གཞན་ཡང་མེ་ཏོག་སྣ་ཚོགས་ཀྱི་དྲི་བཟང་ཁྱེར་ཏེ་འོང་བ་ཅུང་ཟད་རླན་ཞིང་གཤེར་བག་ལྡན་པའི་མཁའ་དབུགས་གསར་བའི་ཀློང་དུ་བསྐྱིལ་ཏེ་འདུག འདབ་ཆགས་བྱེའུ་དག་ནི་མེ་ཏོག་ལྗོན་པའི་ལོ་འདབ་སྟུག་པོར་རྒྱས་པའི་གཟེབ་ཏུ་ཚང་མལ་འཆའ་བ་ལ་སེམས་སྤྲོ་བའི་ཚེ་ན། རང་རིགས་མོས་མཐུན་གྱི་ཚོགས་ལ་མངོན་འདོད་རྩེ་དགའི་གྲེ་འགྱུར་ཅི་ཡང་སྒྲོག་པའི་སྙན་འཇེབས་ཀྱི་རོལ་དབྱངས་ནི་དལ་བུར་ལྡང་བའི་རྫི་རླུང་དང་ལྷུང་ལྷུང་འབབ་པའི་ཆུ་ཕྲན་གྱི་སྒྲ་དང་སྡེབ་བཞིན་འཁྲོལ། ལྐོག་ཤལ་ཅན་གྱི་སྒལ་པར་བཅིབས་པའི་རྫི་བོ་གཞོན་ནུའི་གླིང་བུའི་སྒྲ་ཡང་དུས་ཚིགས་འདིར་ནི་ཞོགས་ནས་སྲོད་བར་སོས་དལ་མེད་པར་ལྷང་ལྷང་གྲགས།

      ཆར་པ་ནི་ཆེས་རྒྱུན་གཏན་གྱི་སྣང་ཚུལ་ཞིག་སྟེ། འབབ་ཐེངས་གཅིག་ལ་བསྟུད་མར་ཉིར་གཉིས་གསུམ་ཙམ་གྱི་རིང་མཚམས་མི་འཇོག དེ་ལྟ་ནའང་དེ་ལ་སུན་སྣང་སྐྱེ་བར་མི་བྱ་སྟེ། གཟིགས་དང༌། ཞོལ་རྩིད་ཀྱི་ཉག་མ་བཞིན་རྐང་རྫུབས་ཤིང༌། འཚེམ་དྲུབ་ཀྱི་རྒྱ་ཁབ་ལྟར་འོད་འཚེར་ལ། དར་ཟབ་ཀྱི་སྐུད་པ་བཞིན་རྒྱུན་འབྲེལ་བའི་ཆར་གྱི་རྒྱུན་བཟང་གསེག་པར་འབབ་པ་དེས་ཐགས་རིས་གསར་བའི་རྒྱུ་སྤུན་རི་མོ་མངོན་པར་བསྐྲུན་ཅིང༌། དུད་ཁྱིམ་དག་གི་ཡང་སྟེང་དུ་སྲབ་ལ་ཡང་བར་ལྡང་བའི་དུད་ཞགས་ཀྱི་རིམ་པ་ཞིག་འཕྲེད་དུ་ཆགས། ལྗོན་ཤིང་གི་ལོ་མ་གསར་པའི་ལྗང་མདངས་འོད་དུ་འཚེར་ཞིང༌། རྩྭ་ལྗང་གི་མྱུ་གུ་ཀུན་ནས་སྔོ་བས་ཁྱོད་ཀྱི་མིག་ལ་གཟན་པ་སྐྱེད། ས་སྲོད་ཀྱི་དུས་སུ་གློག་སྒྲོན་ཤར་བའི་འོད་གོར་མོག་པོ་ཆུང་ངུ་དག་གིས་ནི་དབེན་ཞིང་འཇགས་པའི་མཚན་མོའི་ངང་ཚུལ་ལྷག་ཏུ་མངོན་པར་བྱེད། གྲོང་གསེབ་ཏུ། ལམ་ཕྲན་གྱི་ངོས་དང་རྡོ་ཟམ་གྱི་འགྲམ་ན་ཆར་གདུགས་སྒྲེང་བའི་སྐྱེ་བོ་འགའ་ཞིག་དལ་བུར་རྒྱུ་ཞིང༌། ཞིང་ས་དག་ན་ལས་ལ་བརྩོན་པའི་སོ་ནམ་པ་རྣམས་རྩྭ་ཡིས་བསླས་པའི་ཆར་སྐྱོབ་ཀྱི་ཞྭ་གོས་མགོ་དང་ལུས་ལ་བགོས་ཏེ་རྒྱུ། དེ་དག་སྡོད་གནས་ཀྱི་ཁང་པ་དག་ནི་རྒྱང་རིང་ལ་བྱེར་ཏེ་ཐར་ཐོར་དུ་གནས་པས། ཆར་རྒྱུན་ཁྲོད་ན་དབེན་ཞིང་ཁུ་སིམ་མེར་སྣང༌།

      ནམ་མཁར་ཤོག་བྱ་རིམ་གྱིས་ཇེ་མང་དུ་གྱུར་ཅིང༌། ས་སྟེང་དུ་བྱིས་པའང་མང་དུ་ཕྱིན། གྲོང་དང་གྲོང་གསེབ་ཏུ་དུད་ཁྱིམ་ཐམས་ཅད་དང་བགྲེས་གཞོན་ཀུན་ཀྱང་དུས་ཀྱི་སྔ་ཕྱི་རྩོད་པ་བཞིན་ཚང་མ་ཕྱིར་ལྷགས་ཏེ། ལུས་དང་རྩ་ཁམས་ཐང་ཐང་དུ་རྐྱོང་ཞིང༌། ཉམས་དང་སྣང་བ་དྭངས་དྭངས་སུ་བསྐྱེད་དེ་རང་སྐལ་གྱི་ལས་ལ་འབུངས་ཤིང་མཆིས། “ལོ་ཇུས་ལེགས་ཉེས་དཔྱིད་ལ་རག་ལས”ཕྱིར་ཐམས་ཅད་གསར་དུ་མགོ་བརྩམས་པ་ན། ཡོད་ཐག་ཆོད་ནི་དུས་ཚོད་ཡིན་ལ། ཡོད་ཐག་ཆོད་ནི་རེ་བ་ལགས།

      དཔྱིད་ཀ་ནི་གསར་སྐྱེས་ཀྱི་བྱིས་པ་དང་འདྲ་བར། མ་རྙིང་ཚོ་གསར་པ་ཀུན་ནས་འཚར་དུ་ལོང་ཞིང་མཆིས།

      དཔྱིད་ཀ་ནི་ན་ཆུང་གི་བུ་མོ་དང་འདྲ་བར། འཇོ་སྒེག་ཉམས་འགྱུར་རྫོགས་ཤིང་དགོད་པའི་འཛུམ་དཀར་ངོམ་བཞིན་རྒྱུ།

      དཔྱིད་ཀ་ནི་དར་བབས་ཀྱི་གཞོན་ནུ་དང་འདྲ་བར། སྟོབས་ལྡན་དཔུང་བ་བརྟན་པོས་ང་ཚོ་མདུན་དུ་ཁྲིད་དེ་སྐྱོད།

      1993ལོའི་སྦྲང་ཆར་དེབ་གཉིས་པ་ལས་བདམས།