雪堆白2017年招生公告

བོད་ལྗོངས་ཞོལ་འདོད་དཔལ་སྲོལ་རྒྱུན་བཟོ་ རིག་སློབ་གྲྭའི་ངོ་སྤྲོད་དང་སློབ་མ་བསྡུ་བའི་འཆར་གཞི།

དང་པོ། ཞོལ་འདོད་དཔལ་གྱི་ལོ་རྒྱུས་མདོར་བསྡུས།

ཞོལ་འདོད་དཔལ་ནི་ཕོ་བྲང་པོ་ཏ་ལའི་འདབས་ཀྱི་ཞོལ་གྲོང་ཁུལ་རྙིང་པའི་ནུབ་སྒོའི་ལྕགས་རིའི་ཕྱི་ལོགས་སུ་གནས་ཡོད། དུས་རབས་བཅུ་བདུན་པའི་ནང་༧རྒྱལ་དབང་ལྔ་པ་ཆེན་པོས་ཕོ་བྲང་པོ་ཏ་ལ་འཛུགས་སྐྲུན་དང་སྐུ་གསུང་ཐུགས་རྟེན་གང་མང་གསར་བཞེངས་གནང་དགོས་ལ་བརྟེན། སྐབས་དེར་ལྷ་སའི་ར་མ་སྒང་ནས་ལྷ་བཟོ་ཆེན་པོ་ཀུན་བྱམས་བུ་ཆེན་ཞེས་པས་གཙོ་བྱས་པའི་བཟོ་པ་དག་གིས་ལག་རྩལ་སྐུ་བརྙན་བཞེངས་བཟོའི་ཚོགས་པ་གསར་འཛུགས་བྱས་པ་དང་བཟོ་ལས་ཀྱི་སྒྲིག་གཞི་ཆགས། དེ་རྗེས་༧རྒྱལ་དབང་སྐུ་ཕྲེང་བདུན་པ་བསྐལ་བཟང་རྒྱ་མཚོ་མཆོག་གིས་སྤྱི་ལོ་༡༧༥༤ལོར་རྩེ་རིག་གནས་སློབ་གྲྭ་གསར་འཛུགས་གནང་བ་དང་དུས་མཚུངས་སུ། རྩེ་པོ་ཏ་ལའི་གཤམ་འོག་གི་ཞོལ་དུ་སྐུ་བརྙན་འབྲི་བཞེངས་དང་། མཆོད་ཆས་སྣེ་མང་འཚེམ་བཟོ་བྱེད་སའི་བཟོ་གྲྭ་འདོད་འཇོའི་དཔལ་འཁྱིལ་ཞེས་པ་དངོས་སུ་གསར་འཛུགས་མཛད་ཅིང་། བསྡུས་མིང་དུ་ཞོལ་འདོད་དཔལ་ཅེས་གྲགས། ལོ་རྒྱུས་ཐོག་ཞོལ་འདོད་དཔལ་ནི་བོད་ས་གནས་སྲིད་གཞུང་གི་སྲོལ་རྒྱུན་ལག་ཤེས་བཟོ་གྲྭ་གཙོ་བོ་དེ་ཡིན་ལ་བཟོ་ལས་ཐད་གསེར་བཟོ་དང་། དངུལ་བཟོ། ལྕགས་བཟོ། ཟངས་བཟོ། ཚགས་པ། ལུགས་པ་བཅས་དང་། ཞར་དུ་ཤིང་བཟོ་བ་འགའ་ཤས་བཅས་ཆ་ཚང་ཡོད་ཅིང་། སྐབས་དེར་གཞུང་ལ་གསེར་དངུལ་ཟངས་ལྕགས་ཀྱི་རིགས་དགོས་མཁོ་གང་མཆིས་ཚང་མ་འདོད་དཔལ་ནས་མཁོ་འདོན་གནང་སྲོལ་ཡང་ཡོད། གཞན་ཡང་ལྷ་ལྡན་ཡོངས་ནས་བྲིས་ཚུགས་ཐིག་ཚད་ཁུངས་དང་ལྡན་པ་དང་། ཚགས་ལུགས་རྡུང་གསུམ་སོགས་ལག་ཤེས་བཟོ་རིགས་མཁས་པའི་དབུ་ཆེ་ཆུང་དུ་མ་བསྡུ་འགུག་ཐོག་ལག་ཤེས་སྦྱོང་མཁན་སློབ་མ་མང་པོ་གསོ་སྐྱོང་གནང་ཡོད་ལ་མ་ཟད་བོད་ཀྱི་དགོན་པ་གསར་བཞེངས་དང་། ཡང་ན་ཉམས་གསོའི་སྐབས་སུ་ཞོལ་འདོད་དཔལ་ནི་རྩ་བའི་སྟོབས་ཤུགས་ཆེ་ཤོས་ཀྱི་ལག་རྩལ་རྩེ་གྲའི་ཚོགས་པ་ཞིག་ཡིན་པ་ནི་སྨོས་མེད་ཅིག་ལགས། དེར་ཞར་བྱུང་དུ་བརྗོད་པ་ཞིག་ལ་ལོ་རྒྱུས་ཀྱི་དེབ་ཐེར་རམ་ཡིག་ཚགས་སྟེང་དུས་རབས་ཉི་ཤུ་པའི་ལོ་རབས་བཞི་བཅུ་ཙམ་གྱི་ནང་ཞོལ་འདོད་དཔལ་འདི་ཉིད་རྒྱལ་རྩེའི་དམག་སྒར་དུ་བསྒྱུར་བ་རེད་ཅེས་འཁོད་འདུག་གོ།

གཉིས་པ། དགེ་རྒན་སུང་མིན་དང་ཞོལ་འདོད་དཔལ་བར་གྱི་ལས་དབང་།

སྤྱི་ལོ་༡༩༩༨ལོར་དགེ་རྒན་སུང་མིན་མཆོག་ནན་ཅིང་སྒྱུ་རྩལ་སློབ་གྲྭ་ནས་སློབ་མཐར་གནང་རྗེས་ཁོང་གི་བསམ་འདུན་ལྟར་ལྷ་ས་དགེ་འོས་སློབ་གྲྭར་སློབ་ཁྲིད་ཀྱི་ཕྱག་ལས་གནང་བར་ཕེབས། ཁོང་ཉིད་ལྷ་སར་ཐོག་མར་འབྱོར་སྐབས་ཞོལ་འདོད་དཔལ་པའི་སྒོ་རྭའི་ནང་དུ་ཁང་པ་ཞིག་གཡར་ནས་བཞུགས། ཁོང་གི་ས་འདིར་ཞོལ་འདོད་དཔལ་ཅེས་གང་ཡིན་པ་ཤེས་རྟོགས་ཆེན་པོ་གནང་འདོད་དེ་སྔ་རྗེས་སུ་དཔྱད་གཞིའི་ཡིག་རིགས་དང་དཔེ་ཆ་མང་པོ་ཞིག་གཟིགས་ཏེ་གཞི་ནས་རྟོགས་ཐུབ་པ་བྱུང་། དུས་དེ་ནས་བཟུང་བོད་ཀྱི་རིག་གནས་ལ་དགའ་ཞེན་ཆེ་བའི་རྒན་སུང་མིན་དང་ཞོལ་འདོད་དཔལ་གྱི་ལས་དབང་འགོ་བརྩམས། ཁོང་རང་གིས་ལོ་མང་རིང་ལྷ་ས་དགེ་འོས་སློབ་གྲྭར་བོད་ཀྱི་བཟོ་རིག་སྒྱུ་རྩལ་སྐོར་གྱི་སློབ་ཚན་འཆད་ཁྲིད་གནང་བཞིན་ཡོད་པ་དང་དེ་ནས་ཞོལ་འདོད་དཔལ་གྱི་མིང་ཐོགས་ནས་རིག་གནས་ཁྱབ་སྤེལ་གྱི་ཁེ་ལས་ཅིག་གཉེར་གནང་། ཕྱིས་སུ་ཁེ་ལས་ཀྱི་ཡོང་འབབ་སོགས་ལས་རིམ་བཞིན་མ་དངུལ་དེ་དག་གསོག་ཉར་གནང་ཏེ་བོད་ཀྱི་སྲོལ་རྒྱུན་ལག་ཤེས་སློབ་གྲྭ་ཅིག་འཛུགས་འདོད་ཀྱི་བསམ་པ་བྱུང་། སྤྱི་ལོ་༢༠༡༠ལོའི་ཡུན་རིང་གིས་དཀའ་ངལ་ཁྱད་གསད་གནང་ཏེ་ད་ལྟའི་བོད་ལྗོངས་ཞོལ་འདོད་དཔལ་་སྲོལ་རྒྱུན་བཟོ་རིག་སློབ་གྲྭ་དེ་དངོས་སུ་བཙུགས།

གསུམ་པ། ཞོལ་འདོད་དཔལ་སློབ་གྲྭའི་གནས་ཚུལ་མདོར་བསྡུས།

བོད་ལྗོངས་ཞོལ་འདོད་དཔལ་སྲོལ་རྒྱུན་བཟོ་རིག་སློབ་གྲྭ་ནི་༢༠༡༠ལོར་གསར་དུ་བཙུགས་པ་དང་ལྷ་སའི་ཆུ་མིག་ལམ་བྲག་རི་ཁུག་གྲོང་ཚོའི་ནང་དུ་གནས། སློབ་གྲྭ་གསར་བཙུགས་ཀྱི་དོན་སྙིང་དེའང་བོད་ཀྱི་སྲོལ་རྒྱུན་ལག་ཤེས་སྒྱུ་རྩལ་རྒྱུན་འཛིན་དང་དར་སྤེལ་གཏོང་བའི་དམིགས་ཡུལ་གཙོ་བོར་འཛིན་པ་རེད། མིག་སྔར་སློབ་གྲྭར་ཆེད་ལས་དགེ་རྒན་དང་སློབ་དོན་མི་སྣ། ད་དུང་ལས་མི་ཁྱོན་བསྡོམས་མི་༡༥ལྷག་ཡོད་པ་དང་སློབ་མ་ཁྱོན་༧༢ལྷག་ཡོད། སློབ་གྲྭའི་ཆེད་ལས་སློབ་ཚན་གཙོ་བོ་ནི་ལྷ་རིས་དང་ལྷ་བཟོ་ཡིན་པ་དང་། དེ་བཞིན་བོད་བཟོའི་ཁྱིམ་ཆས་འཆར་འགོད་དང་སྒྲིག་བཟོ། རྫ་བཟོ། ཤིང་བརྐོས། རྡོ་བརྐོས། གཟིམ་སྤོས་བཟོ་བ་སོགས་ཁ་ཤས་དེ་སྔོན་འཛུགས་མྱོང་ཡོད་ཀྱང་མཐར་ཕྱིན་པ་མ་བྱུང་། དེར་བརྟེན་༢༠༡༧ལོ་ནས་ཆེད་ལས་དེ་དག་དངོས་སུ་བསྐྱར་འཛུགས་བྱེད་པ་དང་། དེ་མིན་པར་ལེན། འགུལ་རིས། དྲ་རྒྱའི་འཚོང་གཉེར་བཅས་དེང་རབས་ཀྱི་ཆེད་ལས་ཀྱང་གསར་འཛུག་བྱེད་འཆར་ཡོད། ངེད་སློབ་གྲྭ་ནས་ཐོག་མཐའ་བར་གསུམ་དུ་སློབ་སྦྱོང་དང་ཞིབ་འཇུག ཐོན་དངོས་དེ་བཞིན་ཕྱིར་འཚོང་བཅས་ཟུང་འབྲེལ་བྱེད་པའི་སློབ་ཁྲིད་ཀྱི་ཐབས་ལམ་སྤྱད་དེ་བོད་མི་རིགས་ཀྱི་སྲོལ་རྒྱུན་ལག་ཤེས་སྒྱུ་རྩལ་རྒྱུན་འཛིན་དང་དར་སྤེལ་གཏོང་བཞིན་ཡོད།

སྔོན་ཆད་ནས་སློབ་གྲྭས་བོད་ཀྱི་ཞིང་འབྲོག་ས་ཁུལ་ཁག་ནས་དབུལ་ཕོངས་ཀྱི་བུ་ཕྲུག་དང་དབང་སྐྱོན་གཞོན་ནུ། དྭ་ཕྲུག སློབ་ཤོར་བུ་ཕྲུག་་མང་དག་ཅིག་སློབ་མར་སྡུད་ནས་རིན་མེད་ངང་ཟས་གོས་སྡོད་གསུམ་གྱི་འཚོ་བ་དང་སློབ་སྦྱོང་གི་ཆ་རྐྱེན་མཐའ་དག་ལེགས་པར་མཁོ་བསྐྲུན་བྱེད་ཀྱི་ཡོད། དེ་ནས་ཤེས་ཡོན་དང་ལག་རྩལ་ལ་བྱང་ཆ་ལྡན་པའི་སྐབས་སློབ་གྲྭ་ནས་སློབ་མ་འདི་དག་ལ་ཟླ་རེའི་གླ་ཕོག་ངེས་ཅན་ཞིག་སྤྲོད་ནས་ཁྱིམ་ཚང་གི་ཡོང་འབབ་གསོག་པ་དང་། སྦྱང་འབྲས་དང་སྤྱོད་ལམ་བཟང་པོ་གཉིས་ལྡན་གྱི་སློབ་མར་གཟེངས་བསྟོད་དང་ལྷག་པར་དུ་ལྗོངས་ཡོངས་ཀྱི་ས་གནས་ཁག་དང་ནང་སར་སློབ་སྦྱོང་དེ་བཞིན་བལྟ་སྐོར་སོགས་བསྐྱོད་པའི་གོ་སྐབས་ལེགས་པར་བསྐྲུན་བཞིན་ཡོད། གཞན་ཡང་སློབ་གྲྭ་ནས་སློབ་མཐར་བྱུང་རྗེས་སློབ་མ་རང་ཉིད་ཀྱི་གདམ་ཀ་ལྟར་ཁག་ཅིག་སློབ་གྲྭའི་ཆེད་ལས་དགེ་རྒན་ནམ་ལས་མིར་བསྡུ་བ་དང་། ཡང་སློབ་མ་འགའ་ཕྱིའི་ཚན་པ་དང་ཁེ་ལས་སོགས་ལ་ངོ་སྤྲོད་བྱས་ཏེ་ལས་ཞུགས་ཐུབ་པ། ཡང་སློབ་མ་འགའ་ཞིག་རང་གི་བསམ་ཚུལ་ལྟར་བྱ་གཞག་གཏོད་པ་ལ་སློབ་གྲྭས་རོགས་རམ་དང་རྒྱབ་སྐྱོར་བྱེད་ཀྱི་ཡོད། ཕྱིན་ཆད་ཀྱང་དེ་ལྟར་བསྐྱོད་ངེས་ཡིན་ལ། ༢༠༡༧ལོ་ནས་བཟུང་གསར་དུ་སྡུད་པའི་སློབ་མ་དག་ལ་ཆ་རྐྱེན་ངེས་ཅན་ཞིག་གཏོན་ནས་ཡིག་རྒྱུགས་ལྟར་སློབ་བཞུགས་བྱེད་པ་ལས་ཡོང་ཚད་བསྡུ་བའི་གནས་མེད།

ང་ཚོ་ཞོལ་འདོད་དཔལ་གྱིས་སྤྱི་ཚོགས་ཁེ་ལས་ཀྱི་འཁོར་རྒྱུག་རྣམ་པའི་ཐོག་ནས་མི་སྣ་གསོ་སྐྱོང་དང་ལས་ཞུགས་ཀྱི་གནད་དོན་ཐག་གཅོད་བྱེད་པ། རིག་གནས་རྒྱུད་འཛིན་དང་དར་སྤེལ་གཏོང་བའི་དམིགས་ཡུལ་སྔར་བཞིན་གཙོ་བོར་འཛིན་བཞིན་ཡོད་ལ། མ་ཟད་མ་འོངས་ཀྱི་ལོ་ཟླའི་ནང་སློབ་ཁྲིད་ཀྱི་ཁྱབ་ཁོངས་ཆེ་རུ་གཏོང་སྟེ་བོད་ཀྱི་ས་ཕྱོགས་ཁག་ཏུ་ཡན་ལག་གི་གསོ་སྦྱོང་ལྟེ་གནས་བཙུགས་ནས། བོད་ཀྱི་བཟོ་རིག་པའི་རིག་གནས་ཞིབ་འཇུག་ལྟེ་གནས་དང་ཞོལ་འདོད་དཔལ་བཟོ་རིག་པའི་སློབ་ཆེན་འཛུགས་བསྐྲུན་བྱེད་ཐུབ་པའི་ཆོད་སེམས་བརྟན་པོར་བཅངས་ཡོད། མཐར་ཞོལ་འདོད་དཔལ་གྱི་བླ་སྲོག་སླར་གསོ་ཐུབ་པ་བྱེད་རྒྱུ་འདི་ངེད་ཚོའི་ཕུགས་འདུན་ཡིན།

 

བཞི་པ། སློབ་གསོའི་སྒྲིག་གཞི།

༡ ཆེད་ལས་སྐོར།

ཆེད་ལས། སློབ་ཡུན། སློབ་ཚན། སློབ་མའི་ཡོང་ཁུངས། སློབ་མ་བསྡུ་བའི་ཚད་གཞི་དང་ཆ་རྐྱེན།
ལྷ་རིས། ལོ་ལྔ། རི་མོ་དང་རིག་གནས། ཐང་ག བོད་ཀྱི་རིག་གནས་དང་ལག་ཤེས་སྒྱུ་རྩལ་ལ་དགའ་བའི་ཞིང་འབྲོག་ས་ཁུལ་གྱི་བུ་ཕྲུག གྲོང་ཁྱེར་ནང་ལས་མེད་དུ་ལུས་པའི་གཞོན་ནུ། ལས་ཀ་འཚོལ་བཞིན་པའི་གཞོན་ནུ། ལོ་༡༦ནས་༢༠བར།

སློབ་འབྲིང་ཐོན་པའམ་བོད་རྒྱའི་སྐད་ཡི་གི་རྨང་གཞི་ཡོད་པ།

བོད་ཀྱི་རིག་གནས་དང་ལག་ཤེས་སྒྱུ་རྩལ་དགའ་བ།  འཚོ་བའི་གོམས་གཤིས་ངན་པ་མེད་པ།  རྒན་བཀུར་གཞོན་གཅེས། སློབ་ལ་བརྩོན་པ།  སློབ་གྲྭར་ཤ་ཞེན་ཡོད་པ། སྤྱི་སེམས་ཆེ་བ།  ཞོལ་འདོད་དཔལ་ཁྱིམ་ཚང་ཆེན་པོར་ལེགས་སྐྱེས་འབུལ་ཐུབ་པ།

ལྷ་བཟོ། ལོ་ལྔ། སྐུ་འདྲ་ཚགས་ལུགས་རྡུང།
རྫ་བཟོ། ལོ་གཉིས། འཇིམ་དང་རྫ་ཡི་བཟོ་རྩལ།
བོད་ལུགས་ཁྱིམ་ཆས། ལོ་གཉིས། འཆར་འགོད་ཚོན་མདངས།
ཤིང་བརྐོས། ལོ་གཉིས། ཤིང་བརྐོས།
རྡོ་བརྐོས། ལོ་གཉིས། རྡོ་བརྐོས།
འཆར་འགོད། ལོ་གཅིག དངོས་སྦྱོང་སློབ་མ། PS,AI,ID,FL སློབ་ཆེན་སློབ་མའམ་སློབ་ཆེན་མཐར་ཕྱིན་གྱི་སློབ་མ། རྩིས་འཁོར་དང་པར་ཆས་སོགས་ལ་དགའ་བ།
པར་ལེན། ལོ་གཅིག པར་ལེན། པར་བཟོ།
འགུལ་རིས། ལོ་གཅིག རི་མོ། PS,3D
དྲ་རྒྱའི་འཚོང་གཉེར། ལོ་གཅིག བསམ་བློ། ལག་ལེན།

 

༢ ༢༠༡༧ལོའི་སློབ་མ་བསྡུ་བའི་སྐོར།

ཆེད་ལས། མི་གྲངས། དགེ་རྒན་འབྲེལ་གཏུག གསལ་བཤད།
ལྷ་རིས། མི་༣༠ ཚེ་ནོར། 13228907677  པ་ཚེ། 15692656363 སློབ་གྲྭར་བཅའ་སྡོད། ལོ་གཅིག་ལ་དགུན་ཁའི་དགུང་གསེང་ཟླ་གཅིག་དང་གཟའ་འཁོར་རེར་གཟའ་ཉི་མ་ཉལ་གསོ་ཡོད། དེ་མིན་སློབ་ཚན་ཡིན། དེ་ནས་སློབ་གྲྭ་ནས་ས་ཆ་གང་སར་སློབ་སྦྱོང་དང་ལྟ་སྐོར་ལ་ཁྲིད་ཀྱི་རེད།
ལྷ་བཟོ། མི་༡༠ ནོར་བུ་དོན་གྲུབ། 15692604555
རྫ་བཟོ། མི་༢༠ ཡེ་ཤེས་བསྟན་འཛིན། 18689099202
བོད་ལུགས་ཁྱིམ་ཆས། མི་༡༠ ཡེ་ཤེས་བསྟན་འཛིན། 18689099202
ཤིང་བརྐོས། མི་༥ ཡེ་ཤེས་བསྟན་འཛིན། 18689099202
རྡོ་བརྐོས། མི་༥ ཡེ་ཤེས་བསྟན་འཛིན། 18689099202
འཆར་འགོད། མི་༢ བསྟན་འཛིན་འཇིགས་མེད། 17308981080(任飞颖) དེང་རབས་ཀྱི་གློག་ཆས་དང་འཕྲུལ་སྐོར་སོགས་ལ་རྒྱུས་མངའ་ཡོད་པ། རྩིས་འཁོར་ཤེས་པ། པར་ཆས་ཡོད་པ། སློབ་གྲྭར་བཅའ་སྡོད་མིན་པ། དགེ་རྒན་གྱི་འཆར་གཞི་ལྟར་སློབ་སྦྱོང་དང་ལག་ལེན་མཉམ་བསྐྱོད་ཡིན།
པར་ལེན། མི་༤ བསྟན་འཛིན་འཇིགས་མེད། 17308981080(任飞颖)
འགུལ་རིས། མི་༢ བསྟན་འཛིན་འཇིགས་མེད། 17308981080(任飞颖)
དྲ་རྒྱའི་འཚོང་གཉེར། མི་༢ ཡེ་ཤེས་བསྟན་འཛིན། 18689099202

༣ སློབ་གྲྭ་དང་དགེ་སློབ་ཀྱི་རྣམ་པ།

170120212828

༤ སློབ་གྲྭའི་བྱེད་སྒོ་དང་མ་འོངས་པའི་འཆར་འགོད།

 120212656